དབུ་ཤོག>གསར་འགྱུར།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-01

    ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་སེམས་ནུས་གཅིག་སྒྲིལ་གྱིས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    བོད་ནི་མི་རིགས་མང་བའི་ཞིང་ཆེན་གྱི་གྲས་ཤིག་རེད་ལ། རྒྱལ་ཡོངས་མི་རིགས་ལས་དོན་གྱི་གཙོ་གནད་ཞིང་ཆེན་གྱི་གྲས་ཤིག་ཀྱང་རེད། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་བྱེད་པ་བསོད་ནམས་ཚེ་རིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་རྗེས“མིག་སྔར། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་པས། མི་རིགས་ཁག་གི་བུ་ཕྲུག་ཚོས་ལག་གདང་སྦྲེལ་ནས་འབད་འབུངས་ཆེར་སྐྱེད་བྱེད་དགོས། ང་ཚོས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་དང་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོའི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ཏེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཧུར་ཐག་སྐྲུན་པ། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། བློ་སེམས་གཅིག་མཐུན་ཡོང་བར་བྱེད་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་འཛིན་ཡིན་པས་ལས་དོན་ཚང་མ་དེར་དམིགས་དགོས་པའི་ནན་བཤད་གནང་ཡོད།

    “ཉེ་བའི་ལོ་ཤས་རིང་། སྦྲ་ཆེན་རྫོང་གིས་ཐོག་མཐའ་བར་གསུམ་དུ‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། གཅིག་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད’ཅེས་པ་སྤྱིའི་དམིགས་ཚད་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་ལས་ཀའི་གཙོ་རྐང་དུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱ་གཞག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། རྒྱལ་མོ་རྔུལ་ཆུའི་ཆུ་འགོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཛེས་རིས་ཤིག་བཀོད་ཡོད”ཅེས་སྦྲ་ཆེན་རྫོང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་རིན་ཆེན་བཀྲ་ཤིས་ཀྱིས། ང་ཚོས་ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གཏོད་རྒྱུ་གཞི་རྟེན་དུ་བྱས་ནས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་པོ་བྱེད་པ་དང་། ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ། དཔེ་མཚོན་གྱི་བྱས་རྗེས་སྔོག་འདོན་གཏིང་ཟབ་བྱེད་པ། ལྟ་བཤེར་དང་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། མཉམ་གཏོད་དང་། མཉམ་སྐྲུན། མཉམ་སྤྱོད་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་པ་བཅས་བྱས་ནས་སྦྲ་ཆེན་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན། བསྡུར་གཞི་ཡོད་པའི་ལེགས་ཆ་སོགས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་ནང་མཉམ་འདྲེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར། ཐུན་མོང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་འཇུག་གཞི་དང་ཤུགས་རྒྱག་ས་ཡང་དག་འཚོལ་དགོས་ཞེས་གསུངས་ཡོད།

    ཆབ་མདོ་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཆུས་ཙེ་ཀང་ལ་དེའི་ཐད་ནས་མྱོང་བ་ཟབ་མོ་བྱུང་བཞིན“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། སླད་ཕྱིན་ལས་དོན་སྤེལ་རིང་། ང་ཚོས་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ནས་ལས་འགན་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་འཛུགས་གཏོད་ཀྱི‘ཁྱབ་སྤེལ་དགུ’དམ་འཛིན་བྱ་གཞིར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་། བསམ་པའི་དགའ་ཕྱོགས། འཚོ་བ་སྐྱེལ་སྟངས་བཅས་དེང་རབས་ཅན་ལ་ཕྱོགས་དགོས་པའི་ཁྲིད་སྟོན་ཟམ་མི་ཆད་པར་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་གཏིང་ཟབ་སྤེལ་ཏེ། ནང་དོན་གཏིང་ཟབ་ཏུ་གཏོང་བ་དང་། རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་ཐབས་གསར་གཏོད་བྱེད་པ་བཅས་ལ་ཤུགས་རྒྱག་དགོས་ཞེས་གསུངས་ཡོད།

    ཉེ་བའི་ལོ་ཤས་རིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་དོན་འཁྱོལ་ལ་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་ཆེད། མངའ་རིས་ས་ཁུལ་གྱིས་སྔ་རྗེས་སུ《མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མངའ་རིས་ས་ཁུལ་གྱི་ལག་བསྟར་ཇུས་གཞི》སོགས་ཞིབ་འཇུག་བྱས་ནས་བཟོས་པ་དང་། འཛུགས་གཏོད་ལས་དོན་གྱི་ལས་འགན་དང་དམིགས་ཚད་དང་། ལས་ཀའི་བླང་བྱ། ཞིབ་ཕྲའི་བྱ་ཐབས་བཅས་ཁ་གསལ་བཟོས་པ་མ་ཟད། གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། ས་ཁུལ་ཡོངས་སུ་ཤང་དང་གྲོང་རྡལ་གྱི་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་དང་འཐབ་ཕྱོགས་གཅིག་གྱུར་གྱི་ཨུ་ཡོན་གྱི་འགན་གཅིག་ལྕོགས་འཁུར་མཁན་37དང་གྲོང་ཚོ་དང་གྲོང་ལྷན“ཨུ་ལྷན་གཉིས”སུ་མི་རིགས་ཆོས་ལུགས་ཨུ་ཡོན་145ཡོད་པ་དང་། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། ཕྱོགས་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྤྱི་ཚོགས་ཡོངས་ཀྱིས་སེམས་ནུས་གཅིག་སྒྲིལ་གྱིས་མཉམ་ལས་བཅས་བྱེད་པའི་མི་རིགས་ལས་དོན་གྱི་བཀོད་པ་ཞིག་བཏོད་ཡོད།

    མངའ་རིས་ས་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དབང་ཕྱུག་གིས། ང་ཚོས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་གཙོ་རྐང་དེ་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ་རྒྱུ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་རྒྱུ། མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་བྱས་ནས་ཁྲིམས་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་བར་བྱ་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། འཛུགས་གཏོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། འཛུགས་གཏོད་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་མཉམ་དུ་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།