མི་དམངས་ནི་རླབས་ཆེན་གྱི་ཕུགས་འདུན་མཉམ་དུ་གཏོད་པའི་རྩ་བའི་སྟོབས་ཤུགས་ཡིན། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ཀྱི་གཙོ་འཛིན་གྱི་འགྱུར་བ་མེད་པའི་མི་དམངས་ཀྱི་ལངས་ཕྱོགས་དང་ལྷད་མེད་ཀྱི་དམངས་ལ་བཅངས་པའི་བརྩེ་སེམས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་སྔར་བས་གལ་ཆེའི་གནས་བབ་ཏུ་འཇོག་པ་བཅས་བྱས་ཏེ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་།དེ་བས་དྲང་སྙོམས། དེ་བས་ཏན་ཏིག་བཅས་ཀྱི་སྒོ་ནས་ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ནས། མི་དམངས་གོང་དུ་བཀུར་རྒྱུ་དེ་གངས་ལྗོངས་ས་མཐོའི་ཕྱོགས་གང་ས་ཅི་ཐད་ནས་མངོན་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བའི་ཁྲོད་མངོན་པར་བྱེད་དགོས།
མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པར་དེའི་ལོ་རྒྱུས་གལ་ཆེན་དང་དངོས་ཡོད་ཀྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་སྲིད་ཏང་གཞན་དག་དང་མི་འདྲ་བའི་མཚོན་རྟགས་མངོན་གསལ་དོད་ཤོས་ཤིག་ཀྱང་ཡིན། རང་རེའི་ཏང་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ཁྲོད་རྩ་བ་ཚུགས་པ། མི་དམངས་ལ་ཞབས་འདེགས་ཞུ་མཁན་བཅས་ཡིན་ཞིང་། ཏང་གི་རྨང་གཞི་དང་། ཁྲག་རྩ། སྟོབས་ཤུགས་བཅས་ཚང་མ་མི་དམངས་ཡིན། དེར་བརྟེན་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་མཐའ་འཁྱོངས་བྱས་པས། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པ་དང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོ་ཆགས་པ་དང་། སྟོབས་ཆེར་གྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད། མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་མཐའ་འཁྱོངས་བྱས་པས། རང་རེའི་ཏང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བཅས་ཀྱི་དོན་ཆེན་དེ་དག་བསྒྲུབས་ནས། གངས་ལྗོངས་ས་མཐོར་དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།
མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་པ་དེ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པའི་ཐོག་ནས་མཚོན་གྱི་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དེ་ཐོག་ནས་ཏང་གི་ཕུགས་བསམ་དང་དད་སེམས་དང་། ངོ་བོའི་དམིགས་ཚད། ཐོག་མའི་བསམ་འདུན་དང་འགན་འཁྲི་བཅས་མཚོན་པ་མ་ཟད། དེ་ནི་ཏང་གི་འབད་འཐབ་ལོ་རྒྱུས་དང་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཞིག་ཀྱང་རེད། ང་ཚོས་མི་རྩ་བར་འཛིན་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་འདུ་ཤེས་བརྟན་པོ་བཙུགས་ནས། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་དང་། གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་བཅས་ཚང་དགོས་པ་མ་ཟད་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ལ་ཕན་པ་ཐོབ་པར་བྱེད་དགོས།
མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པའི་ཐད་དོན་འཁྱོལ་བྱེད་དགོས། དམངས་འཚོའི་བྱ་བ་ཡིན་ཕྱིན་དོན་ཆུང་མིན། མི་སེར་གྱི་བདེ་སྡུག་སེམས་སུ་བཅངས། ང་ཚོས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་ནས། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་འཆང་བ་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས། འཁྱགས་དུས་གོས་དང་ལྟོགས་དུས་ཟས་མང་ཙམ་སྐྱེལ་བ་དང་གཡང་རྩེའི་སྒང་ལ་ཡས་སྒྲོན་ཉུང་ཙམ་བྱེད་པ། ལས་དོན་ཡོད་ཚད་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ལ་ཕྱོགས་པ། སྲིད་ཇུས་ཡོད་ཚད་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ལ་ཕྱོགས་པ། སེམས་ཤུགས་ཡོད་ཚད་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ལ་ཕྱོགས་པ་བཅས་བྱེད་དགོས།
མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ཐད་ཁྱབ་པར་བྱེད་དགོས། ང་ཚོས་དུས་བབ་གསར་པའི་འོག་གི་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཏང་ཡོན་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་བ་དང་། སྲིད་དོན་དམངས་ལ་འདྲི་བ་དང་། དགོས་མཁོ་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་མཐའ་འཁྱོངས་བྱེད་པ། མང་ཚོགས་ཀྱི་རེ་འབོད་ཟོལ་མེད་ངང་ཉན་པ། མང་ཚོགས་ཀྱི་རེ་འདུན་ཇི་མ་ཇི་བཞིན་ཞུ་བ། མང་ཚོགས་ཀྱི་དཀའ་སྡུག་ལ་ཟོལ་མེད་ཀྱིས་སེམས་ཁུར་བཅས་བྱས་ནས་དམངས་ཀྱི་འདོད་བློ་དང་མཐུན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་ཁེ་ཕན་ཆེ་རུ་གཏོང་བ་བཅས་ཀྱི་དོན་དངོས་མང་ཙམ་སྒྲུབ་དགོས། མི་དམངས་ཀྱི་བྱེད་པོའི་གནས་བབ་དང་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལ་ངོས་འཛིན་གཏིང་ཟབ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་དང་འདོན་སྤེལ་གང་ལེགས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ལོ་རྒྱུས་གསར་གཏོད་བྱེད་པའི་འབད་འབུངས་ཀྱི་སྙིང་སྟོབས་དང་སྟོབས་ཤུགས་ཆེན་པོ་སྔར་བས་སྐུལ་སློང་བྱས་ཏེ། རང་རེའི་ཏང་ནམ་ཡང་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་། ནམ་ཡང་སྐྱེ་སྟོབས་དང་གསོན་ཤུགས་རྒྱུན་འཁྱོངས་བྱེད་པ། ནམ་ཡང་མི་དམངས་ཀྱི་གུས་བཀུར་ཐོབ་པ་བཅས་ཡོང་བའི་འགན་ལེན་བྱེད་པ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རིང་ཐོག་མཐའ་བར་གསུམ་དུ་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་། སྲ་ཞིང་བརྟན་པའི་མང་ཚོགས་ཀྱི་རྨང་གཞི། འཛད་མཐའ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་བཅས་ཡོད་པའི་འགན་ལེན་བྱེད་དགོས།