དབུ་ཤོག
  • ཟླ་9ཚེས་1ཉིན་ནས་ཁང་པ་ཉོས་ཚེ་ཁྲལ་འདི་འཇལ་དགོས་ཀྱི་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-08-30

      ཚེས་26ཉིན་གྱི་སྔ་དྲོ། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་གནང་རྒྱུར་གོང་ཞུ་བྱས་རྗེས། རང་ལྗོངས་སུ་2021ལོའི་ཟླ་9ཚེས་1ཉིན་ནས་བཟུང་ཁང་པ་ཉོས་ཚེ་གན་ཁྲལ་བསྡུ་རྒྱུ་རེད་འདུག ལྗོངས་ནོར་སྲིད་ཐིང་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་དབྱི་ཡའོ་ཧྲན་གྱིས་རང་ལྗོངས་སུ་གན་ཁྲལ་བསྡུ་འགོ་ཚུགས་པའི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན་ལ་སྲིད་ཇུས་ཐད་ནས་གསལ་འགྲེལ་བྱས་པ་རེད།

    1.jpg

    ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་བལྟས་ཚེ། མིག་སྔར་བོད་ལྗོངས་ནི་རྒྱལ་ཡོངས་ནས་གན་ཁྲལ་བསྡུས་མེད་པའི་ས་ཆ་གཅིག་པུ་དེ་རེད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་ཆོག་མཆན་གནང་རྒྱུར་གོང་ཞུ་བྱས་རྗེས། རང་ལྗོངས་སུ་2021ལོའི་ཟླ་9ཚེས་1ཉིན་ནས་བཟུང་གན་ཁྲལ་བསྡུ་རྒྱུ་ཡིན་པ་དང་རང་ལྗོངས་ཀྱི་གན་ཁྲལ་གྱི་ཁྲལ་ཚད་དམའ་ཤོས་ནི་3%ཡིན་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། གན་ཁྲལ་བསྡུ་འགོ་ཚུགས་རྗེས་མི་སྒེར་གྱིས་སྡོད་ཁང་ཉོས་ཚེ། དེ་མཚུངས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཡོད་པ་རེད། མི་སྒེར་གྱིས་ཉོས་པའི་སྡོད་ཁང་ཐོག་མར(ཁྱིམ་ཚང་ཁོངས་མིའི་ནང་ཁང་པ་ཉོ་མཁན་དང་། བཟའ་ཟླ། ན་སོ་དར་ལ་མ་བབ་པའི་བུ་ཕྲུག་བཅས་ཚུད་པ། གཤམ་དུ་གཅིག་མཚུངས་ཡིན)རྒྱ་ཁྱོན་སྨི་ངོས་གྲུ་90དང་དེ་མན་ལ་ཁྲལ་ཚད་1%བཅགས་ནས་གན་ཁྲལ་བསྡུ་རྒྱུ་དང་། རྒྱ་ཁྱོན་སྨི་ངོས་གྲུ་90ཡན་ལ་ཁྲལ་ཚད་1.5%བཅགས་ནས་གན་ཁྲལ་བསྡུ་རྒྱུ་རེད། མི་སྒེར་གྱིས་ཉོས་པའི་སྡོད་ཁང་གཉིས་པར་རྒྱ་ཁྱོན་སྨི་ངོས་གྲུ་90དང་དེ་མན་ལ་ཁྲལ་ཚད་1%བཅགས་ནས་གན་ཁྲལ་བསྡུ་རྒྱུ་དང་། རྒྱ་ཁྱོན་སྨི་ངོས་གྲུ་90ཡན་ལ་ཁྲལ་ཚད་2%བཅགས་ནས་གན་ཁྲལ་བསྡུ་རྒྱུ་རེད།

    2.jpg

      རྒྱ་ཆེའི་ཁྲལ་འཇལ་མཁན་ཚོས་དོན་དག་གང་ཞིག་ལ་གན་ཁྲལ་འཇལ་དགོས་སམ།

    ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་རྩིས་བཤེར་ཆེ་མོ་བ་ལི་ལུའེ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་ཁྲལ་བཅའ་ཁྲིམས》ནང་གཏན་འབེབས་བྱས་པ་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ས་ཞིང་དང་ཁང་པའི་བདག་དབང་བརྗེ་སྒྱུར་བྱེད་སྐབས། བདག་དབང་རག་པའི་ཚན་པ་དང་མི་སྒེར་ནི་གན་ཁྲལ་འཇལ་མཁན་ཡིན་པས། བཅའ་ཁྲིམས་འདིའི་གཏན་འབེབས་བཞིན་གན་ཁྲལ་འཇལ་དགོས་ཞེས་བརྗོད།

      གན་ཁྲལ་རྩིས་རྒྱག་པའི་གཞི་འཛིན་ས་གང་ཡིན་ནམ། འཇལ་དགོས་པའི་གན་ཁྲལ་གྱི་ཁྲལ་འབོར་ཇི་ལྟར་རྩིས་རྒྱག་དགོས། གན་ཁྲལ་འཇལ་བའི་དུས་ཚོད་དང་དུས་བཀག་ལ་གཏན་འབེབས་ཇི་ལྟར་བྱས་ཡོད།

    ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་རྩིས་བཤེར་ཆེ་མོ་བ་ལི་ལུའེ་ཡིས། ས་ཞིང་དང་ཁང་པའི་བདག་དབང་བརྗེ་སྒྱུར་གྱི་གནས་ཚུལ་མི་འདྲ་བར་གཞིགས་ནས། ཁྲལ་དངུལ་རྩིས་རྒྱག་པའི་གཞི་འཛིན་ས་གཏན་འཁེལ་བྱེད་ཀྱི་ཡོད། ཞིབ་ཕྲའི་ནང་དོན་ནང་། གཅིག་ནི་ས་ཞིང་སྤྱོད་དབང་ནང་བཤུག་དང་ཕྱིར་འཚོང་དང་། ཁང་པ་ཉོ་ཚོང་། ས་ཞིང་དང་ཁང་པའི་བདག་དབང་དེ་བརྗེ་སྒྱུར་གྱི་གན་རྒྱའི་ནང་གཏན་འཁེལ་བའི་རིན་གོང་ཡིན་ཞིང་། དེའི་ནང་སྤྲོད་དགོས་ངེས་ཀྱི་དངུལ་ལོར་དང་དེ་བཞིན་ཅ་དངོས་དང་དཔལ་འབྱོར་གྱི་ཁེ་ཕན་གཞན་དག་དང་མཚུངས་པའི་གོང་ཚད་ཚུད་ཡོད། གཉིས་ནི་ས་ཞིང་སྤྱོད་དབང་དང་ཁང་པ་ཕན་ཚུན་བརྗེས་ཚེ། ས་ཞིང་དང་ཁང་པ་བརྗེས་པའི་རིན་གོང་གི་ཧེ་བག་དེ་ཡིན། གསུམ་ནི་ས་ཞིང་སྤྱོད་དབང་དང་ཁང་པ་གཞན་ལ་སྤྲད་པ་དང་དེ་བཞིན་དངུལ་སྤྲད་མེད་པར་ས་ཞིང་དང་ཁང་པའི་བདག་དབང་བརྗེ་སྒྱུར་བྱས་པའི་རིགས་ལ། ཁྲལ་དོན་ལས་ཁུངས་ཀྱིས་ས་ཞིང་བེད་སྤྱོད་དབང་ཆ་ཕྱིར་འཚོང་དང་ཁང་པ་ཉོ་ཚོང་གི་ཁྲོམ་རའི་རིན་གོང་ལ་གཞིགས་ནས་ཁྲིམས་ལྟར་གོང་ཚད་གཏན་འཁེལ་བྱེད་པ་བཅས་ཚུད་ཡོད། ཁྲལ་འཇལ་མཁན་གྱིས་གོང་ཞུ་བྱས་པའི་ཚོང་འགྲིག་པའི་རིན་གོང་དང་། ཕན་ཚུན་བརྗེ་སྒྱུར་གྱི་རིན་གོང་ཧེ་བག་དེ་ཧ་ཅང་དམའ་བ་མ་ཟད། རྒྱུ་མཚན་ལུགས་མཐུན་མེད་ན་ཁྲལ་དོན་ལས་ཁུངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲལ་འབབ་བསྡུ་ལེན་གྱི་དོ་དམ་བྱ་ཐབས》ཀྱི་གཏན་འབེབས་གཞིར་བཟུང་གཏན་འཁེལ་བྱེད་ཀྱི་ཡོད། གན་ཁྲལ་གྱི་ཁྲལ་འབོར་དེ་ཁྲལ་དངུལ་རྩིས་རྒྱག་གི་གཞི་འཛིན་ས་དང་རང་ལྗོངས་ཀྱི་ཞིབ་ཕྲའི་ཁྲལ་ཚད་ལ་བསྒྱུར་ནས་རྩིས་རྒྱག་གི་ཡོད་ཞེས་བརྗོད། 

      ཁྲལ་འཇལ་མཁན་གྱིས་གན་ཁྲལ་འཇལ་རྗེས་གནས་ཚུལ་གང་དག་ཡོད་ཚེ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ཁྲལ་སློག་པའི་རེ་འདུན་ཞུ་ཆོག་གམ།

    ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་རྩིས་བཤེར་ཆེ་མོ་བ་ལི་ལུའེ་ཡིས། ཁྲིམས་ལྟར་ས་ཞིང་དང་ཁང་པའི་བདག་དབང་ཐོ་འགོད་མ་བྱས་གོང་། བདག་དབང་བརྗེ་སྒྱུར་གན་རྒྱ་དང་བདག་དབང་བརྗེ་སྒྱུར་གྱི་གན་རྒྱའི་ངོ་བོའི་དཔང་འཛིན་དེ་ནུས་པ་མ་ཐོན་པ་དང་། གོ་མི་ཆོད་པ། ཕྱིར་འཐེན་བྱས་པ། མེད་པར་བཟོས་པ་བཅས་ཡིན་ཚེ། ཁྲལ་འཇལ་གྱིས་ཁྲལ་དོན་ལས་ཁུངས་ལ་འཇལ་ཟིན་པའི་ཁྲལ་དངུལ་ཕྱིར་སློག་པའི་རེ་འདུན་ཞུ་ཆོག་པ་དང་ཁྲལ་དོན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྒྲུབ་གཉེར་བྱེད་དགོས་ཞེས་བརྗོད།

    གནས་ཚུལ་དེ་དག་ཞིབ་པར་བཤད་ན་འདི་ལྟར་སྟེ།

    1  མི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པའམ་ཡང་ན་འདུམ་གཅོད་ཨུ་ལྷན་གྱིས་ཁྲུན་ཐག་བཅད་པས། ས་ཞིང་དང་ཁང་པའི་བདག་དབང་བསྒྱུར་བ་དེ་གོ་མི་ཆོད་པར་གྱུར་ནས། ཕྱིར་འཐེན་བྱས་པའམ་ཡང་ན་མེད་པར་བཟོས་པ་མ་ཟད། ས་ཞིང་དང་ཁང་པའི་བདག་དབང་དེ་སྔའི་བདག་པོར་དབང་བའི་རིགས།

    2  ནང་བཤུག་བཏང་བའི་ས་ཆའི་སྤྱོད་དབང་སྤྲོད་སྐབས། ཁང་པའི་རྒྱ་ཁྱོན་ལ་འགྱུར་ལྡོག་ཕྱིན་པའམ་ཡང་ན་ཁང་པའི་རྒྱ་ཁྱོན་གན་རྒྱའི་ནང་ཁ་ཆད་བྱས་པའི་རྒྱ་ཁྱོན་ལས་ཆུང་དུ་ཕྱིན་པའི་རྐྱེན་གྱིས་ས་ཆ་ནང་བཤུག་གི་གོང་ཚད་ཕྱིར་སློག་དགོས་པའི་རིགས།

    3  གསར་དུ་བརྒྱབ་པའི་ཚོང་སྒྱུར་ཁང་པ་རྩིས་སྤྲོད་སྐབས། ཁང་པའི་ཆེ་ཆུང་དེ་གན་རྒྱའི་ནང་ཁ་ཆད་བྱས་པའི་རྒྱ་ཁྱོན་ལས་ཆུང་བ་ཡོད་པའི་རྐྱེན་གྱིས་ཁང་པའི་དངུལ་སློག་དགོས་པའི་རིགས་བཅས་སོ།

      “སྔོན་ལ་གལ་ཁྲལ་འཇལ་བ་དང་དེ་རྗེས་ཁྲལ་འཇལ་དཔང་ཡིག་སྤྲོད་པ”དེ་ག་ནས་མཚོན་གྱི་ཡོད་དམ།

    ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཨུ་ཡོན་སྤྱི་ཁྱབ་རྩིས་བཤེར་ཆེ་མོ་བ་ལི་ལུའེ་ཡིས། ཁྲལ་འཇལ་མཁན་གྱིས་ཁྲལ་འཇལ་རྗེས། ཁྲལ་དོན་ལས་ཁུངས་ཀྱིས་གན་ཁྲལ་ཆ་ཚང་འཇལ་བའི་དཔང་ཡིག་སྤྲོད་དགོས། ཁྲལ་འཇལ་མཁན་གྱིས་ས་ཞིང་དང་ཁང་པའི་བདག་དབང་ཐོ་འགོད་བྱེད་སྐབས། གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་ཁུངས་ཀྱིས་གན་ཁྲལ་ཆ་ཚང་འཇལ་ཡོད་མེད་དང་། དཔྱ་ཁྲལ་རྩ་ཆག་བཏང་བའི་སྤ་སེའམ་ཡང་ན་འབྲེལ་ཡོད་ཆ་འཕྲིན་ཞིབ་བཤེར་བྱེད་དགོས། གཏན་འབེབས་གཞིར་བཟུང་གན་ཁྲལ་འཇལ་མེད་ན་གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་ཁུངས་ཀྱིས་ས་ཞིང་དང་ཁང་པའི་བདག་དབང་ཐོ་འགོད་བྱེད་ཀྱི་མེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།