དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས།

  • ཡོང་ཁུངས།  བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།   |     སྤེལ་དུས།  2021-08-25

    མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ལྟ་བུ་ཡིན། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་། རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁོངས་ལ་སྲུང་སྐྱོབ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ། རྒྱུན་ཆད་མེད་པར་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བཅས་བྱས་ཚེ།  གཞི་ནས་དཔལ་འབྱོར་འཕེལ་རྒྱས་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། སྤྱི་ཚོགས་བྱ་གཞག་དབྱར་མཚོ་རྒྱས་པ། དམངས་འཚོའི་བདེ་སྐྱིད་ཡུན་ནས་ཡུན་དུ་གནས་ཐུབ་པ་ར་འཕྲོད་བྱུང་ཡོད། དེར་བརྟེན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་གི་མིག་འབྲས་དང་ཚེ་སྲོག་ལ་གཅེས་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་དགོས།

    ཉེ་ཆར་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས། ཁོང་གིས“བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ་བྱས་ནས་མང་ཚོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་དགོས་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང། མི་དམངས་བདེ་སྐྱིད་བཅས་ཡོང་བར་འགན་ལེན་བྱེད་དགོས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ། མར་ཁེ་སིའི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ། ལོ་རྒྱུས་ལྟ་བ། མི་རིགས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་བཅས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཕུགས་ཕན་གྱི་ཐབས་ཇུས་དང་རྩ་བ་བརྟན་དུ་གཏོང་བའི་བྱ་ཐབས་མང་ཙམ་སྤྱོད་དགོས་ལ་མི་རིགས་ཕན་ཚུན་འགྲོ་འོང་དང་།སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས”ཞེས་གསུངས་ཡོད།

    མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན། དེ་ཡང“གནམ་ས་བརྗེ་སྒྱུར”ནས“གནམ་ས་བླ་འོག་ཏུ་འཕོ་འགྱུར་བྱུང་བའི”བར་དང་། “གཅིག་ཀྱང་མེད་པ”ནས“གང་དགོས་ཅི་ཡོད”བར། “བྲན་གཡོག”ནས“རང་ཁྱིམ་རང་བདག”བར་བཅས་ལ་གྱུར་བ་མ་ཟད། ཏང་གི་འགོ་ཁྲིད་འོག་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ནས“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱེད་པའི”མི་ཡུལ་གྱི་ངོ་མཚར་བཏོད་དེ་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་པ་དང་། རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད། ལྷག་དོན་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། བོད་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ནས། བོད་ཀྱི་མི་དམངས་ལ་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ་བཅས་ཀྱི་འགན་ལེན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དེ་བས་མང་བ་བྱུང་ཡོད།། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འགྲོ་ལམ་ནི་བོད་ཀྱི་མི་དམངས་ཀྱི་འཕེལ་རྒྱས་ལམ་བུ་དང་། མཐུན་སྒྲིལ་ལམ་བུ། བདེ་སྐྱིད་ལམ་བུ་བཅས་རེད་ཅེས་བརྗོད་ཆོག

    མདོར་ན། ནང་བཀྲ་ཤིས་ན་ཕྱི་དོན་འགྲུབ་ཅེས་པའི་དཔེ་ལྟར་མཐུན་སྒྲིལ་བྱས་ན་སྟོབས་ཤུགས་ཡོད་པ་དང་། མཐུན་སྒྲིལ་བྱས་ན་རེ་བ་ཡོད་པ། མཐུན་སྒྲིལ་བྱས་ན་ཡར་རྒྱས་ཡོང་བ་བཅས་ཡིན། (བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།  ལྷག་ཕན)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།