གསར་འགོད་པར་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་གཅིག་གྱུར་ཐོག་བཙུགས་པའི་དེ་སྔའི“བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཆ་འཕྲིན་དོ་དམ་མ་ལག”དང་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ཀྱིས་གཅིག་གྱུར་ཐོག་བཙུགས་པའི་དེ་སྔའི“རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་ཆ་འཕྲིན་མ་ལག”གཉིས་ཀ“རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས”སུ་བསྒྱུར་བས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་ཡུལ་གཞན་དུ་སྨན་བཅོས་བྱས་ཚེ། དྲ་ཐོག་ནས་ཐད་ཀར་མཇུག་རྩིས་རྒྱག་ཐུབ་པ་བྱུང་ཡོད་ཅིང་། དེ་ལས་ལྷོ་ནུབ་ཞིང་ཆེན་ལྔ(བོད་ལྗོངས་དང་། སི་ཁྲོན། ཁྲུང་ཆིང་། ཀུའེ་ཀྲོའུ། ཡུན་ནན)ནས་སྨན་ཉོ་བ་དང་། སྒོ་བསྟེན་སྨན་ཁང་ནས་སྤྱིར་བཏང་གི་ནད་ལྟ་བ། སྒོ་བསྟེན་སྨན་ཁང་ནས་དམིགས་བསལ་ནད་ལྟ་བ། སྨན་ཁང་དུ་སྡོད་པ་བཅས་ལ་དྲ་ཐོག་ནས་ཐད་ཀར་མཇུག་རྩིས་རྒྱག་ཐུབ་པ་དངོས་སུ་མཚོན་གྱི་ཡོད།
རྒྱལ་ཡོངས་སུ་ཕན་ཚུན་སྦྲེལ་མཐུད་ཀྱི་སྒོ་བསྟེན་སྨན་ཁང་དང་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་དྲ་ཐོག་ནས་ཐད་ཀར་མཇུག་རྩིས་རྒྱག་ཐུབ་པ་ལས། དེ་སྔོན་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་འགྲོ་གྲོན་རྩིས་ཞུ་བྱེད་པར་ཕར་འགྲོ་ཚུར་འོང་མང་པོ་བྱེད་དགོས་པ་དང་། རྩིས་ཞུའི་དུས་ཡུན་རིང་བ། རང་ཉིད་ཀྱིས་སྨན་རིན་སྔ་རྟིང་གཏོང་དགོས་པ་སོགས་ཀྱི་ལྷ་ས་གྲོང་ཁྱེར་གྱི་འགན་བཅོལ་ནང་ཞུགས་མཁན་ཚོའི་དཀའ་གནད་རྦད་དེ་བསལ་ཡོད།
མིག་སྔར། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པར་དྲ་ཐོག་ནས་ཐད་ཀར་མཇུག་རྩིས་རྒྱག་པ་དེ་ད་ལྟ་འགོ་བཙུགས་ཙམ་ཡིན་པ་དང་། ལག་ལེན་ཁྲོད་རིམ་བཞིན་ལེགས་སུ་གཏོང་རྒྱུ་ཡིན་པས། ཕྱིས་སུ་དྲ་ཐོག་ནས་སྨན་རིན་ཐད་ཀར་མཇུག་རྩིས་རྒྱག་པར་སྔར་བས་སྟབས་བདེ་རུ་དང་མགྱོགས་སུ་འགྲོ་ཐུབ་ངེས་རེད།