དབུ་ཤོག>གསར་འགྱུར།
  • མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-20

    ཇོ་མོ་གླང་མའི་དབུ་རྩེ་མཐོན་པོར་བཏེགས། གངས་ལྗོངས་ས་མཐོར་སྟོན་ཚོཌ་གཟབ་རྒྱས་འཚོགས། ཡར་ཀླུང་གཙང་པོའི་ངོགས་ནས་གླུ་དབྱངས་ལེན། ཏང་གི་བཀའ་དྲིན་བསྟོད་པའི་དབྱངས་སུ་གྱེར།

    རྒྱལ་ཡོངས་སུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་མཚམས་སུ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་དུས་རབས་གསར་པའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ལ་དྲིན་ཚོར་ཚད་མེད་ཀྱང་བྱུང་ཡོད། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་བ་ཟབ་མོ་བསྣམས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཕེབས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་ལྷན་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད།

    ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་བླ་ན་མེད་པའི་གུས་འདུད་ཞུ། ཀྲུང་དབྱང་སྐུ་ཚབ་ཚོགས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ། ལོ་རྒྱུས་ཀྱི་དུས་མཚམས་ཁག་ཏུ་བོད་ཀྱི་གསར་བརྗེ་འཛུགས་སྐྲུན་དང་སྒྱུར་བཅོས་བྱ་གཞག་གི་ཆེད་དུ་འབད་འཐབ་དང་རང་སྲོག་བློས་གཏོང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོར་རྗེས་དྲན་ཟབ་མོ་ཞུ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལས་རིགས་ཁག་གི་མི་སྣར་དུས་ཆེན་གྱི་རྟེན་འབྲེལ་ཞུ། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་ཡུན་རིང་ཐུགས་ཁུར་དང་། དགའ་ཞེན། རྒྱབ་སྐྱོར་བཅས་གནང་མཁན་གྱི་བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།

    དུས་ཚོད་ནི་ཡིག་མཁན་རླབས་ཆེན་དང་ལོ་རྒྱུས་ནི་ལྷག་བསམ་རྣམ་དག་གི་དཔང་པོ་ཡིན། ལོ་ངོ་70ཡི་གོང་དུ་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པས། བོད་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཕྱོགས་གཏོགས་ཀྱི་འཆིང་རྒྱ་ལས་ནམ་ཡང་ཐར་བ་དང་བོད་ཀྱི་ལོ་རྒྱུས་ཀྱི་སྲིད་ལོ་གསར་པ་བཏོད་ཡོད། འདི་ནི་ཀྲུང་གོའི་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་མེས་རྒྱལ་གཅིག་གྱུར་བྱ་གཞག་ལ་ཐོབ་པའི་རྒྱལ་ཁ་རླབས་ཆེན་ཞིག་དང་བོད་མུན་ནག་ནས་འོད་ཟེར་གྱི་ཕྱོགས་སུ་སྐྱོད་པའི་རླབས་ཆེན་གྱི་ཁ་ལོ་སྒྱུར་མཚམས་ཤིག་རེད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོར་ཚེ་སྲོག་གསར་པ་ཐོབ་པའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་ཞིག་ཀྱང་རེད། དཔྱིད་ཀར་མེ་ཏོག་བཞད་ཅིང་སྟོན་ཀར་འབྲས་བུ་སྨིན། ལོ་ངོ་བདུན་ཅུར་གཟི་བརྗིད་ལྡན་པའི་འོད་སྟོང་འཕྲོ། ལོ་ངོ་70ཡི་རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གིས་མཛུབ་ཁྲིད་གནང་བའི་ཡང་དག་པའི་ཁ་ཕྱོགས་བརྒྱུད་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་བྱས་པ་དང་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བརྗིད་ཆགས་ཡིད་འོང་གི་ལེའུ་བརྩམས་པ་དང་ཏང་གི་ལོ་བརྒྱའི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྩམས་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ། དཀའ་སྤྱད་འབད་འཐབ་དང་། འབད་འབུངས་ཡར་བརྩོན། གསར་འབྱེད་གསར་གཏོད། ཡར་རྒྱས་བརྩོན་ལེན་བཅས་བྱས་ནས་ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། ཡུན་རིང་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་པ། བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ཇོ་མོ་གླང་མའི་འདབས་ནས་སེང་གེ་ཁ་འབབ་ཀྱི་ཆུ་ངོགས་བར་དང་ཡར་ཀླུང་གཙང་པོའི་ལུང་གཞུང་ནས་བོད་བྱང་ཐང་གི་ས་མཐོའི་བར་གང་ས་གང་གིས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བའི་དཔང་པོ་བྱེད་པ་དང་གང་ས་གང་དུ་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་གླུ་དབྱངས་ལེན་བཞིན་ཡོད། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡག་པོ་བྱུང་ནས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་གི་བྱེད་སྤྱོད་རབ་དང་རིམ་པ་གཏོར་ཕམ་ནུས་ལྡན་བཏང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཏེ་ལོ་ངོ་བརྒྱ་སྟོང་མང་པོར་བཅིངས་པའི་དབུལ་པོ་དབུལ་ནག་གི་འཆིང་རྒྱ་ལས་རྦད་དེ་བསྒྲལ་ཅིང་། 2020ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་1959ལོ་ལས་ལྡབ་416འཕར་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་ཕྱིན་པ་དང་སྐྱིད་སྣང་དེ་བས་རྒྱུན་འཁྱོངས་ཐུབ་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་བཅས་ཚུད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་བསྐྲུན་ཟིན་པ་དང་། ཆུ་གློག་གིས་གཙོ་བོ་དང་ནུས་མང་གསབ་རེས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་གྲུབ་པ། འཕྲིན་གཏོང་དྲ་རྒྱ་རྒྱུན་ཆད་མེད་པར་སྣུར་སྲིང་བྱུང་ཡོད། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་རེ་བཞིན་བརྟན་དུ་ཕྱིན་ཞིང་། ལྗང་མདོག་འཕེལ་རྒྱས་ཀྱི་བཀོད་པ་རགས་ཙམ་ཆགས་ནས་བོད་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་པ་དང་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་མི་རིགས་ཁག་གི་མི་དམངས་ཀྱི་སྤྲོ་སེམས་སྔར་བས་འཕེལ་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་། མི་རིགས་མཐུན་སྒྲིལ་དང་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ། མི་རིགས་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་རྒྱུན་ཆད་མེད་པར་རྒྱུན་འཛིན་ཐུབ་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་མ་ཐེབས་ནས་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་བདེ་སྐྱིད་ཞི་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛམ་གླིང་ཡང་རྩེར་འགྱིང་ངེར་གནས་ཡོད།

    ལོ་ངོ་70ཡི་འཕོ་འགྱུར་ཆེ་ལ་འོད་སྟོང་འཕྲོ་བའི་ལོ་ཟླའི་ནང་། ཉིན་མཚན་ཀུན་ཏུ་བསམ་པའི་འཆར་གཞི་མང་པོ་དངོས་ཡོད་ལ་གྱུར་པ་དང་། ནམ་ཡང་ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་གྲུབ་འབྲས་མང་པོ་མངོན་དུ་གྱུར་པ། གནམ་ས་འབྱེད་པའི་ལག་ལེན་དངོས་མང་པོས་མི་རྣམས་ཀྱི་བློ་སྒོ་ཕྱེ་ཡོད། བོད་ཀྱི་འཕོ་འགྱུར་ཆེ་བའི་ལོ་ངོ་70ཡི་ནང་བློ་མཐུན་མའོ་ཙེ་ཏུང་དང་། བློ་མཐུན་ཏེང་ཞའོ་ཕིང་། བློ་མཐུན་ཅང་ཙེ་མིན་བཅས་ཀྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་དང་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སེམས་ནུས་དང་ཐུགས་ཁུར་འདུས་ཡོད། དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ་བཅས་རེད། ལག་ལེན་ལས་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པ་ཡང་མེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཡིན་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བྱས་ཚེ། བོད་ལ་གཞི་ནས་དར་རྒྱས་གོང་འཕེལ་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་ཡིན་པ་ར་འཕྲོད་གང་ལེགས་ཐུབ་ཡོད། ལག་ལེན་ལས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་གྱི་རྩ་འཛིན་དང་བླ་སྲོག་ཡིན་པས། ལས་དོན་སྤེལ་རིང་གནད་དོན་གང་འདྲ་ཞིག་ཕྲད་ཀྱང་དེ་ནས་ལན་དང་ཐབས་ཤེས་རྙེད་ཐུབ། སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། མཐའ་འཁྱོངས་ཡག་པོ་བཅས་བྱས་ཚེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་ཡོད་ལ་གདེང་ཚོད་ཀྱང་ཡོད་པ་ང་ཚོའི་བློ་སྒོ་གཏིང་ཟབ་ཕྱེ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན། དཀའ་སྤྱད་འབད་འཐབ་ཀྱི་རྨང་གཞི་བརྟན་པོ་བཅས་ཡོད་པས། ལས་ཀའི་ལག་ལེན་ཡུན་རིང་ཁྲོད་གྲུབ་པའི་སྤྱོད་གོ་ཆོད་པའི་བྱ་ཐབས་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས་ཏན་ཏིག་དང་གཏིང་ཟབ་བསྒྲུབས་ཚེ་རྒྱུགས་འབུལ་ལམ་བུ་གསར་པར་ཡག་པོ་སྐྱོད་ཐུབ་ངེས་རེད།

    ལོ་ངོ་བདུན་ཅུ་ཡི་རིང་གངས་ལྗོངས་སུ་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་། སྐྱེ་བོ་ཀུན་ཧང་སངས་པའི“མི་ཡུལ་གྱི་ངོ་མཚར”སྔར་བཞིན་རྒྱུན་མཐུད་བཞིན་ཡོད་ལ། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་སྔར་བཞིན་གཏོད་བཞིན་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་ནམ་ཡང་སྤོ་མཚམས་ཆད་མི་སྲིད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ནང་ལས་དོན་གྱི་བླང་བྱ་བརྒྱད་དང་མཛུབ་སྟོན་གལ་ཆེན་གསུམ་བཏོན་གནང་སྟེ། ང་ཚོར་ཕྱར་བ་གྲུ་འདེགས་དང་འབད་འབུངས་མདུན་སྐྱོད་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། མིག་སྔར་བོད་རྒྱལ་ཡོངས་དང་མཉམ་དུ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། དུས་རབས་གསར་པར་སླེབས་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་སྐབས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་གལ་ཆེན་དང་ཐུགས་རེ་ནན་པོ་བློ་ལ་བརྟན་པོར་ངེས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། “འགན་ལེན་བཞི”མངོན་འགྱུར་ཧུར་ཐག་བྱེད་པ་བཅས་ཀྱིས། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་དགོས་པ་དང་། བོད་ཞི་མཐུན་བརྟན་ལྷིང་གི་རྣམ་པ་ཡག་པོ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་བདེ་འཇགས་དང་མཐའ་མཚམས་སྲ་བརྟན་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་དགོས།

    ལོ་རྒྱུས་ལ་དྲན་གསོ་ཡག་ཤོས་ཞུ་བ་ནི་ལོ་རྒྱུས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དེ་རེད། དེ་རིང་ང་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་ནི་ལོ་ངོ་70ཡི་སྤྱིར་བཏང་མིན་པའི་ལོ་ཟླ་དང་འབད་འཐབ་ལྷོད་མེད་བྱས་པར་གུས་འདུད་ཞུས་པ་ཞིག་ཡིན་ལ། དུས་རབས་གསར་པར་འབད་འབུངས་ཡར་བརྩོན་དང་རྒྱང་སྐྱོད་ཀྱི་ལམ་བུར་སླར་ཡང་སྐྱོད་པའི་སྐུལ་སློང་ཞིག་དེ་བས་ཀྱང་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་དང་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་དེ་བཞིན་ཀྲུའུ་ཞི་དབང་དབྱང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་པ། ཏང་འཛུགས་སྙིང་སྟོབས་རླབས་ཆེན་ལག་ལེན་ཤུགས་ཆེན་བསྟར་བ། “བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྩ་ཆེའི་གོ་སྐབས་དམ་འཛིན་ཡག་པོ་བྱེད་པ། རྒྱལ་ཡོངས་ཀྱི་རོགས་སྐྱོར་ཡག་པོ་སྤྱོད་པ། དཀའ་སྤྱད་འབད་འཐབ་ཧུར་ཐག་བྱེད་པ། བསམ་བློར་སྔར་བས་བཅིངས་འགྲོལ་གཏོང་བ། སྔར་བས་དངོས་འཛིན་དངོས་སྒྲུབ་བྱེད་པ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བཅས་ཀྱིས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་ཡག་པོ་རྩོམ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།