བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་ཚོའི་ཐང་ཆེན་གྱི“མཐུན་སྒྲིལ་ལྗོན་ཤིང”ཞེས་འབོད་པའི་རྒྱ་ལྕང་དང་སྦྱར་པ་གཉིས་ཕན་ཚུན་འབྱར་ནས་ཡལ་འདབ་རྒྱས་ཡོད་ཅིང་། ཤིང་སྡོང་དེ་གཉིས་ནི་རྒྱ་བོད་བཟའ་ཚོ་གཉིས་ཀྱིས་བཏབ་པ་ཞིག་ཡིན་ལུགས་ཤོད་སྲོལ་ཡོད།
“ལོ་ལྟར་གཉེན་སྒྲིག་བྱེད་མཁན་ཡོད་ཚེ་གྲོང་མི་ཚོས་ལྗོན་ཤིང་འོག་སྨོན་ལམ་འདེབས་ཀྱི་ཡོད། ཟླ་མཆོད་དུས་ཆེན་དང་དཔྱིད་གསར་དུས་ཆེན་འཆར་རིམ་བཞིན་ཤིང་སྡོང་འོག་ཏུ་ལྒང་བཞུ་དང་རས་དམར་པོ་འགེལ་བ་མ་ཟད། ཤོ་པ་མདོའི་སེང་རྩེད་འཁྲབ་སྟོན་བྱེད་ཀྱི་ཡོད”ཅེས་ཤོ་པ་མདོ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཚུལ་ཁྲིམས་རྒྱ་མཚོས་ངོ་སྤྲོད་བྱས།
“ཤོ་པ་མདོ”ནི་ཇ་རྟའི་ཚོང་ལམ་གྱི་ཡིག་ཟམ་གལ་ཆེན་ཞིག་རེད། 《ལྷོ་རོང་རྫོང་གི་འབྱུང་རབས》ནང་བཀོད་པར་གཞིགས་ན། ཆིང་རྒྱལ་རབས་དུས་སུ་ཆིང་དམག་2000ལྷག་ཙམ་ཤོ་པ་མདོ་གྲོང་རྡལ་དུ་དམག་སྒར་བརྒྱབ་ཅིང་། རྒྱ་རིགས་དམག་མི་ཁག་གཅིག་གིས་ས་གནས་དེ་གའི་བོད་རིགས་གྲོང་མི་དང་གཉེན་སྒྲིག་བྱས་ནས་ཕྲུ་གུ་སྐྱེས་པ་ནས་བཟུང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དེ་གར་རྒྱུན་མ་ཆད་པར་དར་ཁྱབ་བྱུང་ཡོད།
ཐང་བོད་གནའ་ལམ་དང་ཇ་རྟའི་ཚོང་ལམ་ནི་འཛམ་གླིང་ཡང་རྩེ་དང་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྔར་བཞིན་འཕྲེད་རྒྱུག་རི་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རི་མཐོ་གཡང་གཟར་དང་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་གཡུ་འབྲུག་སྔོན་མོ་ལྟར་གནས་ཡོད།
རང་རྒྱལ་གྱི་ལྷོ་ནུབ་ཏུ་ཐང་རྒྱལ་རབས་ནས་བཟུང་ལྷོ་བྱང་གཉིས་སུ་འགྲོ་འོང་བྱེད་མཁན་དྲེལ་པས་ཀྲུང་ཡོན་དང་ལྷོ་ཕྱོགས་ཀྱི་ཇ་དང་། རྫ་ཆས། དར་གོས་སོགས་བོད་དུ་དབོར་ནས་བལ་དང་། རྟ། སྨན་རྒྱུ་སོགས་དང་བརྗེ་པོ་རྒྱག་གི་ཡོད། རྟ་དྲེལ་བརྒྱུད་པའི་གནའ་ལམ་ནས་ལམ་ཆུང་གྲངས་ལས་འདས་པ་ཆགས་ཏེ་བོད་ཀྱི་ས་ཕྱོགས་གང་སར་ཁྱབ་ནས་ཡུན་ནན་དང་། བོད། སི་ཁྲོན་བཅས་སྦྲེལ་མཐུད་བྱུང་ཡོད།
རྫ་ཆུ་རྒྱུག་ཁུལ་གྱི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་དུ་བོད་རིགས་དང་རྒྱ་རིགས་ཀྱི་ཉམས་འགྱུར་གཅིག་ཏུ་འདུས་པའི་རེད་མདའ་བྲག་བརྐོས་དེ་ཆར་རླུང་ཁྲོད་ལོ་ངོ་1200ལྷག་ཙམ་གནས་ཡོད། བྲག་བརྐོས་ཀྱི་གཤམ་དུ་བོད་ཡིག་མང་པོ་ཞིག་དང་རྒྱ་ཡིག་ཡིག་འབྲུ་བཅུ་ཕྲག་ཁ་ཤས་བརྐོས་ཡོད་པ་དེར་བོད་རྒྱ་བཟོ་བོའི་མིང་སོགས་བཀོད་ཡོད། རིགས་གཅིག་མཁས་ཅན་གྱིས་ཁུངས་འཚོལ་ར་སྤྲོད་བྱས་པར་གཞིགས་ན། བྲག་བརྐོས་དེ་བཙན་པོའི་དུས་སྐབས་སུ་བཞེངས་པ་ཞིག་ཡིན་པ་དང་ཐང་རྒྱལ་རབས་དང་བཙན་པོའི་བཟོ་བོས་མཉམ་དུ་བརྐོས་པ་ཞིག་རེད།
“བྲག་བརྐོས་ལ་བོད་རིགས་དང་རྒྱ་རིགས་ཀྱི་སྒྱུ་རྩལ་ཁྱད་ཆོས་ལྡན་པ་དེ་ཐོག་ནས་རྒྱ་བོད་མི་རིགས་ཀྱི་རིག་གནས་དང་། དཔལ་འབྱོར། ཆབ་སྲིད་བཅས་ཐད་ཀྱི་སྤེལ་རེས་མཚོན་ཐུབ་ལ་མི་རིགས་མཐུན་སྒྲིལ་གྱི་ནང་དོན་ཟབ་མོ་ཡང་ལྡན་ཡོད། ད་ལྟ་འདི་གར་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞིར་གྱུར་ཡོད”ཅེས་བྱམས་མདུན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་སངས་ཀོ་ལོ་ཡིས་བཤད།
ཐང་བོད་གནའ་ལམ་དང་ཇ་རྟའི་ཚོང་ལམ་ལས་བོད་དང་ནང་སའི་དབར་འབྲེལ་བ་དམ་ཟབ་བྱུང་ནས་བོད་རྒྱ་ཁྱིམ་ཚང་གཅིག་དང་མི་རིགས་མཐུན་སྒྲིལ་གྱི་དཔང་པོ་བྱེད་ཀྱི་ཡོད།
ལོ་ངོ་སྟོང་ཕྲག་རིང་མེས་རྒྱལ་གྱི་མངའ་ཁོངས་ཆ་ཚང་བ་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་གཅིག་གྱུར་བཅས་ཀྱི་ཁྲོད་གནའ་བོའི་ཚོང་ལམ་ནི་ཚོང་དོན་འགྲོ་འོང་གི་ལམ་བུ་གཙོ་བོ་ཙམ་མ་ཟད། ཚན་རྩལ་རིག་གནས་བརྒྱུད་སྤེལ་གྱི“རིག་གནས་ཀྱི་འདྲེན་ལམ”ཞིག་དེ་བས་ཀྱང་རེད།
གནའ་བོའི་ཚོང་ལམ་ལོ་རྒྱུས་རིང་། མི་རིགས་མཐུན་སྒྲིལ་བརྩེ་དུང་ཟབ། ཇ་རྟའི་ཚོང་ལམ་དང་ཐང་བོད་གནའ་ལམ་ནི་རྒྱང་རིང་གི་དྲན་ཤེས་ཤིག་ཏུ་གྱུར་ཞིང་། ད་ཆ་མཚོ་བོད་ལྕགས་ལམ་དང་། ལྷ་ཉིང་ལྕགས་ལམ། ཁྲོན་བོད་གཞུང་ལམ། མཁའ་ལམ་སོགས་ལས་གྲུབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བས་བོད་དང་ནང་སའི་དབར་སྤེལ་རེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་མི་རིགས་ཁག་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་གངས་ལྗོངས་ས་མཐོར་རྒྱུན་མཐུད་ནས་ཐོན་བཞིན་ཡོད།