མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ནམ་ཡང་ལྷུག་པོར་བཞད།
ཐའེ་ཀྲའོ་གྲོང་ཚོ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་གྲོང་རྡལ་ཁོངས་སུ་གཏོགས་ཤིང་། ལོ་ངོ་70ཡི་གོང་ས་ཆ་དེ་གའི་མང་ཚོགས་ཀྱིས་བོད་སྐྱོད་མི་དམངས་བཅིངས་འགྲོལ་དམག་གི་སྔོན་སྐྱོད་དཔུང་སྡེར་རོགས་རམ་བྱས་ཏེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལོ་རྒྱུས་གསར་རྐྱང་ཞིག་འགོ་བརྩམས་ཡོད། ལོ་ངོ་70ཡི་རྗེས་ཀྱི་ད་ཆ་འབྱོར་འབྲིང་འཚོ་བར་རོལ་བའི་ཐའེ་ཀྲའོ་ཡི་གྲོང་མི་ཚོས་སྔར་བྱུང་མྱོང་མེད་པའི་ཐོབ་སྣང་དང་སྐྱིད་སྣང་ཐོག་ནས་ཕན་ཚུན་ལྟ་སྐྱོང་དང་ལོ་རྒྱུས་ལ་གཙིགས་ཆེན་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་གཏམ་བཟང་ཡང་ནས་ཡང་དུ་གྲགས་བཞིན་ཡོད།
འདི་ནི་ཐའེ་ཀྲའོ་ཡི་གྲོང་མི་ཨ་མེས་ཀྱིས་དེ་སྔ་བཅིངས་འགྲོལ་དམག་གིས་ཁོང་གི་པཱ་ལགས་ལ་གནང་བའི་ཆུ་དམ་སྟོན་བཞིན་པ།
ལྷ་སའི་བར་སྐོར་གྱི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྒོ་ར་ཆེན་པོ་ཞིག་གི་ནང་དུ། ཚེ་རིང་གཡུ་སྒྲོན་རིམ་བཞིན་འཚར་ལོངས་བྱུང་ནས་རིག་རྩལ་ལས་དོན་པ་ཞིག་ཏུ་གྱུར། “ཚང་མ་ཕན་ཚུན་འཆམ་ཞིང་མཐུན་ལ་གལ་སྲིད་སུ་ཞིག་ལ་རོགས་པ་དགོས་ཚེ་ཚང་མས་རོགས་པ་བྱེད་ཀྱི་ཡོད”
“ཁྲོན་པ་གཅིག་གི་ཆུ་འཐུང་ནས་ཁྱིམ་ཚང་གཅིག་ལྟ་བུར་གྱུར་ཡོད” བར་སྐོར་ཉེ་འགྲམ་དུ་འདི་ལྟ་བུའི་མི་རིགས་སྒོ་ར་ཆེན་པོ་100ལྷག་ཙམ་ཡོད་པ་རེད།
མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། བོད་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་བཏང་བས། མི་རིགས་ཁག་གི་བུ་ཕྲུག་ཚོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ནས་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་གི་ཡོད་པ་རེད།
གངས་ལྗོངས་བུ་ཕྲུག་ཚོའི་སེམས་པ་ཏང་ལ་ཕྱོགས།
ཕྱིར་བསྐྱོད་དེ་ལས་ཀ་བྱེད་པའི་གོ་སྐབས་མང་པོ་རག་བྱུང་ལ་རང་ཁྱིམ་གྱི་གྲོ་འཐག་ཁང་གཉེར་སྐྱོང་བྱས་ན་ཡང་ཆོག་མོད། ཡིན་ནའང་བུ་ཆུང་གིས་རང་ཉིད་ཀྱི་དགའ་བའི་ལས་ཀ་བཙལ་ནས་ལོ་21རིང་ཧུར་ཐག་འབད་ཐག་བྱས་པ་རེད།
“ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད”རྒྱལ་རྩེ་རྫོང་གི་རྫོང་རིའི་གནའ་ཤུལ་གྱི་འགྲེལ་བཤད་པ་ཞིག་ཡིན་པའི་ཆ་ནས་བུ་ཆུང་རང་གི་ལས་ཀར་ཧ་ཅང་དགའ་པོ་ཡོད། “ང་ནི་ཞིང་བྲན་གྱི་རྗེས་རབས་པ་ཡིན། གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་མིས་ང་ཚོ་ནང་མི་ཚང་མའི་ལས་དབང་ལ་འགྱུར་ལྡོག་བཏང་ཡོད། ངས་རྟག་ཏུ་བོད་གསར་རྙིང་བསྡུར་ནས་ཤོད་ཀྱི་ཡོད”
ལོ་ངོ་བདུན་ཅུའི་རིང་གི་འགྱུར་ལྡོག་ཆེན་པོ་བརྒྱུད། ད་ཆའི་རྒྱལ་རྩེ་ནི་བོད་ཀྱི་འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་པོ་དང་གསར་དར་ཡུལ་སྐོར་དམིགས་སར་གྱུར་ཡོད། ན་ནིང་། རྫོང་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་17145ཟིན་ཡོད་པ་རེད།
རྒྱལ་རྩེ་རྫོང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་བསྡུས་རིས་ལྟ་བུ་ཞིག་ཡིན། ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་རང་འགུལ་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཏེ། “དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུའི”འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ཡོད་པ་རེད།
“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན” བོད་ཀྱིས་ཉེ་བའི་ལོ་ཤས་རིང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་མཐུད་སྤེལ་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་བོད་དུ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། མཐའ་གཅིག་ཏུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པ་རེད།
“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱས་ཚེ་གཞི་ནས་བོད་འཕེལ་རྒྱས་ཡར་ཐོན་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ནས་འོད་ཟེར་ལྡན་པའི་མདུན་ལམ་གཏོད་ཐུབ། འདི་ནི་ལོ་རྒྱུས་ཀྱི་བསྡོམས་ཚིག་ཟབ་མོ་ཞིག་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡང་ཡིན”མི་རིགས་ཁག་གི་མང་ཚོགས་ཀྱིས་སྔར་བས་རང་འགུལ་དང་སྔར་བས་བློ་རྩ་བརྟན་པོའི་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་བརྩི་སྲུང་ཞུ་ཡི་ཡོད་ཅེས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲང་ཡུན་གྱིས་བཤད།
ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པ།
ཇོ་མོ་གླང་མའི་འདབས་སུ་གནས་པའི་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་བཀྲ་ཤིས་འཛོམས་གྲོང་ཚོའི་དུད་ཚང་80ལྷག་ཙམ་གྱི་གྲོང་མི་ཚོའི་འཚོ་བ་སྔོན་ཆད་རང་བྱུང་ཆ་རྐྱེན་ཞན་པའི་དབང་གིས་དེ་ཙམ་ཡག་པོ་མེད།
2017ལོར། ཧྲང་ཧའེ་ཡི་བོད་སྐྱོར་ཐོན་ལས་རྣམ་གྲངས“ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུ”བཀྲ་ཤིས་འཛོམས་གྲོང་ཚོར་ས་ཆ་བདམས་པ་རེད། “གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གཉེར་སྐྱོང་བྱས་པ་ལས་ས་གནས་དེ་གའི་གྲོང་མི་ཚོ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཐེབས་པ་མ་ཟད་ད་དུང་ལས་གཏོད་བྱ་རྒྱུར་ཡང་སྐུལ་ཁྲིད་ཐུབ་ཡོད”ཅེས་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དིང་རི་རྫོང་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲེན་ཡའོ་ཐིང་གིས་བཤད།
རྣམ་གྲངས་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། ཉེ་བའི་ལོ་ཤས་རིང་གྲོང་ཚོའི་ནང་དུ་ལས་ཀ་བྱེད་མཁན་180ལྷག་ཙམ་སླེབས་ཡོད་པ་རེད། བཀྲ་ཤིས་འཛོམས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཟང་པོས་ཚང་མ་སྒྲིག་འཛུགས་བྱས་ནས་ཆ་སྒྲིག་གཉེན་འཚོལ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་རོགས་རམ་བྱེད་དུ་བཅུག་པ་དང་། “ཚང་མས་ལས་ཀ་ཡོད་ན་མཉམ་དུ་བྱེད་པ་དང་ཚོང་ཡོད་ན་མཉམ་དུ་རྒྱག་གི་ཡོད”
མཐུན་སྒྲིལ་ཡག་པོ་བྱུང་ན་ལས་རིགས་ཚང་མ་དར་རྒྱས་འགྲོ་ཐུབ། “ལོ་4ལྷག་ཙམ་རིང་། གྲོང་ཚོའི་ནང་དུ་སྒོ་རྩིས་ཚོང་ཁང་དང་། མགྲོན་ཁང་། ཟ་ཁང་བཅས་10ལྷག་ཙམ་བཙུགས་ནས་ཇོ་མོ་གླང་མའི་གྲོང་རྡལ་ཆུང་ངུར་གྲོང་མི་40ལྷག་ཙམ་ལས་ཞུགས་ཐུབ་སྟེ་དུད་ཚང་རེར་ལོ་རེར་འབབ་འཕར་སྒོར་6000ལྷག་ཙམ་བྱུང་ཡོད” “གྲོང་རྡལ་ཆུང་ངུ་འདི་ཟླ་བརྒྱད་པའི་ཟླ་དཀྱིལ་ནས་དངོས་སུ་གཉེར་སྐྱོང་བྱེད་འགོ་འཛུགས་རྒྱུ་ཡིན་ལ་ཚོང་ཧ་ཅང་ཡག་པོ་ཡོང་ངེས་རེད”ཅེས་བཟང་པོས་བཤད།
འཕེལ་རྒྱས་ཡོད་དོ་ཅོག་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་པར་བྱེད་པ་དང་། ཚང་མ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་རྒྱུར་ཕན་པ་ཡོད་པར་བྱེད་དགོས། གངས་ལྗོངས་ས་མཐོར་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་པའི་མི་སེམས་འགུལ་བའི་ལེའུ་ཞིག་རྒྱུན་ཆད་མེད་པར་རྩོམ་བཞིན་ཡོད།
རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་སྟེ་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དར་སྤེལ་རྒྱ་ཁྱབ་བྱུང་ཡོད། 2017ལོའི་ཟླ་8ཚེས་23ཉིན་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སིའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་འཛམ་གླིང་གི་ས་བབ་མཐོ་ཚད་སྨི་5000ཟིན་པའི་དོས་དྲག་གཤག་བཅོས་སྐྱེ་བསུ་ཐོག་མ་དེ་བྱས་པར་མ་བུ་བདེ་བླག་བྱུང་ཡོད། ཕྲུ་གུའི་ཕ་མ་པ་སངས་དང་ཆོས་བདེས་འཕྲལ་མར་ཕྲུ་གུར་ཧོ་ཏང་ཧྲེང་ཞེས་མིང་བཏགས། ཕྱི་ཉིན་མངལ་ནང་གི་ཕྲུ་གུའི་ལྟེ་ཐག་མཇིང་པར་དཀྲིས་ཡོད་པའི་རྐྱེན་གྱིས་སྦྲུམ་མ་སངས་རྒྱས་སྒྲོལ་མས་ཀྱང་སྨན་བཅོས་རུ་ཁག་གི་དོས་དྲག་གཤག་བཅོས་སྐྱེ་བསུ་དང་ལེན་བྱས་ནས་བུ་མོ་ཞིག་སྐྱེས་པར་མིང་ལ་ཧོ་ཡིའུ་ཧྲེང་ཞེས་བཏགས་ཡོད།
1994ལོར་རོགས་སྐྲུན་བྱེད་འགོ་ཚུགས་པ་དང་2002ལོར་ཁ་གཏད་རོགས་སྐྱོར་བྱས་ཚུན་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སིས་བོད་སྐྱོར་ལས་བྱེད་པ་ཁག་14སྔ་རྗེས་སུ་མཚོ་གཉིས་རྫོང་ལ་འདེམས་གཏོང་བྱས་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་4.5བཏང་ནས་རྣམ་གྲངས་103དོན་འཁྱོལ་བྱས་ཡོད།
1994ལོ་ནས་2020ལོ་བར་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཁག་9ལ་བགོས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་རྣམ་གྲངས་6330ལ་རྒྱབ་སྐྱོར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་527བཏང་བ་མ་ཟད་ཕུལ་བྱུང་ལས་བྱེད་པ་9682འདེམས་གཏོང་བྱས་ནས་བོད་སྐྱོར་བྱས།
ལོ་ངོ་70ཡི་རིང་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་སྲིད་ཇུས་བཟང་པོ་མང་པོ་བཟོས་པ་དེ་ནོར་ཁྲལ་དངུལ་རྩ་དང་། རྨང་གཞིའི་སྒྲིག་བཀོད། ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཁག་དང་འབྲེལ་བ་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ལོ་རེ་བཞིན་མང་དུ་བཏང་ནས་དུས་སྐབས་མི་འདྲ་བར་བོད་ཀྱི་ཕུགས་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པའི་ལས་གྲྭའི་རྣམ་གྲངས་གལ་ཆེན་མང་པོ་གཅིག་རྗེས་གཉིས་མཐུད་ངང་བཀོད་སྒྲིག་བྱས་པས་བོད་ཀྱི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེན་པོ་ཕྱིན་ཡོད།
“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལོ་5བསྟུད་མར་ཁ་གཏད་བོད་སྐྱོར་གཏིང་ཟབ་ཏུ་གཏོང་བའི་དབུལ་སྐྱོར་ལས་དོན་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་གིས་རྒྱབ་སྐྱོར་དང་ས་གནས་ཁག་གིས་རོགས་སྐྱོར་བྱས་པ་བརྒྱུད། 2019ལོའི་ལོ་མཇུག་བར་བོད་ཀྱི་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་བྱུང་བ་དང་། རྫོང(ཆུས)དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་བསལ་ཡོད”བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། མིག་སྔར་བོད་ཀྱིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཧུར་ཐག་རྩོམ་བཞིན་ཡོད་ཅེས་བརྗོད།
མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཉི་འོད་དང་མཁའ་རླུང་ལྟར་གང་སར་མངོན་པ།
ཡར་ཀླུང་གཙང་པོའི་འགྲམ་གྱི་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་བྱེ་བ་ཤང་ཕུ་སྣ་གྲོང་ཚོ་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གྲོང་ཚོ་གསར་པ་ཞིག་ཡིན་ཞིང་། དུད་ཚང་59ཡི་གྲོང་མི་ཚང་མ་མི་རིགས་མི་འདྲ་བ་ཤ་སྟག་རེད།
“ཐོག་མར་དེ་གར་སླེབས་སྐབས་ཚང་མ་ཆ་རྒྱུས་དེ་ཙམ་མེད”གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་པ་ཚེ་རིང་གིས་ཚང་མ་མཐུན་སྒྲིལ་བྱས་ནས་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱ་ཆེད། གྲོས་བསྡུར་ཐེངས་མང་བྱས་པ་བརྒྱུད་ཕུ་སྣ་གྲོང་ཚོས་མི་རིགས་མཐུན་སྒྲིལ་བྱ་རྒྱུ་གྲོང་སྲོལ་དམངས་ཆིངས་ནང་བཅུག་སྟེ་ལོ་ལྟར་གྱི་ཟླ་6པར་མི་རིགས་མཐུན་སྒྲིལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཀྱི་ཡོད། “བོད་ཀྱི་ལོ་གསར་སླེབས་རིམ་བཞིན་ཚང་མ་མཉམ་དུ་འཛོམས་ནས་གླུ་ལེན་གར་འཁྲབ་བྱེད་པ་དང་ཟས་མཆོག་མྱོང་རོལ་བྱེད་ཀྱི་ཡོད”ཅེས་བཤད་པ་དང་། ཁོང་གིས་མི་སེམས་གཅིག་ཏུ་བསྒྲིལ་ན་རི་བོ་ཐའེ་ཧྲན་ཡང་སྤོ་ཐུབ། ས་ཕག་བཟོ་གྲྭ་དང་དྲོད་ཁང་ཆེ་མོ་སོགས་རྣམ་གྲངས་བདེ་བླག་ངང་དོན་འཁྱོལ་ཐུབ་ནས་ན་ནིང་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་གཅིག་ལས་བརྒལ་ཡོད་ཅེས་བརྗོད།
མཚོ་སྔོན་ནས་ཕུ་སྣ་གྲོང་ཚོར་འཁོར་ལོར་ལྷན་པ་རྒྱག་པའི་ཚོང་ལས་གཉེར་བར་ཡོང་བའི་མཱ་པིན་ལིན་དང་ཐོག་འདི་གར་ཆ་རྒྱུས་ཡ་རྒྱུས་མེད། “གྲོང་ཚོས་ང་ལ་དངུལ་གཡར་བ་མ་ཟད་ཐབས་ཤེས་ཀྱང་འདོན་རོགས་བྱས་པས་ཚོང་གཞི་ནས་ཡག་ཏུ་ཕྱིན་སོང་། ད་ཆ་ང་ཚོ་ཕྱི་ནས་ཡོང་བའི་ཚོང་དུད་ཚོས་དུས་བཀག་ནང་གྲོང་ཚོའི་མི་ཧྲེང་རྒན་རྒོན་དང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མར་མཉམ་དུ་འཚམས་འདྲི་བྱེད་ཀྱི་ཡོད”
མི་རིགས་མང་པོ་འདུས་སྡོད་བྱེད་པའི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་བསྐྱོད་སྐབས“མི་རིགས་མཐུན་སྒྲིལ་ནི་ཉི་འོད་དང་མཁའ་རླུང་ལྟར་འདྲ”ཞེས་པ་སོགས་ཀྱི་སྦྱར་ཡིག་གང་ས་ནས་མཐོང་ཐུབ། “དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད”ཅེས་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲན་ཡུང་གིས་དེ་ལྟར་བརྗོད་པ་དང་། སྡེ་ཁུལ་གྱིས་མི་རིགས་སྒྱུ་རྩལ་ཚོགས་པ་བཙུགས་ཏེ་ལེ་ཚན་རྩོམ་སྒྲིག་བྱེད་སྐབས་མི་རིགས་མཐུན་སྒྲིལ་དང་ཕྱོགས་ཡོངས་འབྱོར་འབྲིང་སོགས་ཀྱི་བརྗོད་དོན་གཙོ་བོ་ཆེ་གྲས་ལ་དམ་པོར་དམིགས་ཏེ་2009ལོ་ཚུན་དུ་འཁྲབ་སྟོན་ཐེངས་79བྱས་པས་ལྟད་མོ་ལྟ་མཁན་མི་ཐེངས་ཁྲི་2ལྷག་ཙམ་ཟིན་ཡོད།
བོད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་མཚོན་ཞིབ་ཚགས་ངང་བདམས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད། 2020ལོའི་ཟླ་5ཚེས་1ཉིན《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་བ་དང་ཁྲིམས་བཟོས་ནས་མི་རིགས་མཐུན་སྒྲིལ་ལ་འགན་ལེན་བྱས་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། བོད་དུ་མིག་སྔར་ཁྱོན་བསྡོམས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཚན་པ་1985(ཐེངས)དང་། སྔོན་ཐོན་མི་སྒེར་2846(ཐེངས)ཡོད་པ་དང་། ལྷ་ས་དང་། གཞིས་རྩེ། ཆབ་མདོ། མངའ་རིས་བཅས་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར(ས་ཁུལ)དུ་གྱུར་ཡོད།
འདི་ལོའི་ཟླ་གཉིས་པའི་ཟླ་མཇུག་ཏུ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་འཆར་འགོད(2021-2025)》དངོས་སུ་བཏོན་ཞིང་། དེའི་ནང་2025ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་7(ས་ཁུལ)ཆ་ཚང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར(ས་ཁུལ)ལ་འཛུགས་གཏོད་བྱ་རྒྱུ་དང་། རྫོང(ཆུས)80%རང་སྐྱོང་ལྗོངས་རིམ་པའི་མི་རིཌ་མཐུན་སྒྲིལ་ཡར་ཐོན་དཔེ་བཟང(རྫོང)དུ་གཏོད་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་བཏོན་ཡོད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣