
འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གྱི་མཚན་ལྗོངས་ཡིན་པ།
ཟླ་བརྒྱད་པའི་ཉང་ཆུའི་ངོགས་སུ་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་སྨུག་ཆར་གྱིས་བཏུམས།
བོད་ཀྱི་གྲོང་ཁྱེར་གྱི་ལྟེ་བའི་སྤྱི་གླིང་ཆེ་ཤོས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་སྤྱི་གླིང་དུ་གྲོང་མི་དང་ཡུལ་སྐོར་བ་འགའ་རེ་མཚོ་འགྲམ་དུ་འཆམ་འཆམ་བྱེད་པ་དང་འགའ་རེ་ལྕང་མའི་བསིལ་གྲིབ་འོག་ཏུ་ངལ་གསོ་བཞིན་ཡོད་ལ། གཙང་པོའི་ཉེ་འགྲམ་གྱི་བྱིས་པའི་སྤྱི་གླིང་དུ་ཕྲུ་གུ་ཚོ་རྩེད་འཇོར་རོལ་བཞིན་མཆིས།
2020ལོར་སྒོ་ཕྱེ་བའི་ཀོང་པོ་སྤྱི་གླིང་གྲོང་ཁྱེར་སྤྱི་གླིང་དང་། སྐྱེ་ཁམས་སྤྱི་གླིང་། བྱིས་པའི་སྤྱི་གླིང་། ཀོང་པོའི་ཁྲོམ་གཞུང་བཅས་ཁུལ་ཆེན་པོ་བཞི་ལ་ཕྱེ་བ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་68ཙམ་ཟིན་ཞིང་། དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་གཟུགས་བརྙན་དང་། རང་བྱུང་སྐྱེ་ཁམས། བསམ་པའི་རིག་གནས། དམངས་སྲོལ་གོམས་གཤིས། ཚོང་ལས་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་གྲོང་ཁྱེར་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྤྱི་གླིང་དང་པོ་དེ་རེད།
ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་ནི་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་དུ་གནས་པ་དང་། སྔར་ནས་ད་བར་ས་བབ་ཅུང་དམའ་ཞིང་། སྐྱེ་ཁམས་ཁོར་ཡུག་ལེགས་ལ། གཙང་སྦྲ་དོད་པས་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། བྲག་ཡིབ་གྲོང་རྡལ་གྱིས་རྒྱལ་ལམ་318དང་། ཞིང་ཆེན་ལམ་གྱི་མ་ལམ། དེ་བཞིན་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་བཅས་ཀྱི་ལེགས་ཆར་བརྟེན་ཏེ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་གྱི་རྣམ་པ་ཧྲིལ་པོ་ལེགས་སུ་བཏང་ཡོད།
ད་ཆའི་ཁྲོན་བོད་གཞུང་ལམ་གྱི་ལམ་ཐིག་ལྷོ་མར་སྤྱི་ལེ་2146དང་ལམ་ཐིག་བྱང་མར་སྤྱི་ལེ་2412ཡོད། རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་60ལྷག་ཙམ་སོང་རིང་། གཞུང་ལམ་ཤར་བགྲོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ཁྲོན་བོད་གཞུང་ལམ་ཡང་ཀྱག་ཀྱོག་གི་དར་ལམ་ཞིག་དང་འདྲ་བར་ལམ་རྒྱུད་ཀྱི་གྲོང་ཁྱེར་དང་ཚོང་འདུས་གྲོང་རྡལ་རེ་རེ་བཞིན་གཅིག་ཏུ་སྦྲེལ་ནས་ནུས་པ་ཆ་ཚང་བ་དང་། སྒྲིག་བཀོད་ཆ་ཚང་བ། མི་ཚོགས་སྟུག་པ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་ཆགས་ཡོད།
ཉིན་ཤས་གོང་། གསར་འགོད་པ་རླངས་འཁོར་ལ་བསྡད་ནས་ཁྲོན་བོད་གཞུང་ལམ་གྱི་ལམ་དུམ་ཁག་གཅིག་བརྒྱུད་དེ་བཅར་འདྲི་བྱེད་པར་སྐྱོད་སྐབས། ས་ཆ་རེར་སླེབས་རིམ་བཞིན་གཞུང་ལམ་དུ་ཕར་འགྲོ་ཚུར་འོང་གི་རླངས་འཁོར་མང་བ་དང་ས་གནས་ཁག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཕེལ་རྒྱས་དབྱར་མཚོ་རྒྱས་པ་ལྟར་ཡོད་པ་དེས་བག་ཆགས་ཟབ་མོ་བཞག་བྱུང་།
ཁྲོན་བོད་གཞུང་ལམ་གྱི་བྱང་ལམ་རྒྱུད་དུ་གནས་པའི་ཆབ་མདོ་ནི་བོད་ཤར་རྒྱུད་ཀྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་ཞིང་། གནའ་སྔ་མོ་ནས་བཟུང་ཐང་བོད་གནའ་ལམ་དང་ཇ་རྟའི་ཚོང་ལམ་གྱི་ལྷུ་ཚིགས་གལ་ཆེན་ཞིག་རེད། འོན་ཀྱང་དེ་ནི་རི་ཁུག་གྲོག་རོང་དུ་གནས་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་ཁར། ལུགས་མཐུན་གྱི་འཆར་འགོད་མེད་པ་སོགས་ཀྱིས་རྐྱེན་པས་ཆབ་མདོའི་འཕེལ་རྒྱས་ལ་ཡུན་རིང་ཚོད་འཛིན་ཕོག་པ་དང་གྲོང་ཁྱེར་གྱི་ནུས་པའང་འཐུས་སྒོ་ཚང་པོ་མེད།
2012ལོ་ནས་བཟུང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་རྒྱབ་སྐྱོར་འོག་དེང་རབས་གྲོང་ཁྱེར་གྱི་ངེས་གནས་ལྟར་ཆབ་མདོས་ཡུལ་བབ་དང་བསྟུན་པ་དང་ཐོན་ཁུངས་གང་ལེགས་སྤྱད་དེ། རྒྱལ་ནང་གི་འཆར་འགོད་ཚན་པ་མང་པོ་ཞིག་ལ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། མི་འབོར་གྱི་གཞི་ཁྱོན། ནུས་པ་དང་མཛེས་ལྗོངས་ཀྱི་ཁྱད་ཆོས་བཅས་ཀྱི་ཐད་ནས་སྤུས་ཚད་མཐོ་བའི་འཆར་འགོད་འཛུགས་སྐྲུན་བྱེད་དུ་བཅུག་པ་རེད།
ཆབ་མདོ་གྲོང་ཁྱེར་གྱི་ལས་བྱེད་པ་ཆིང་ཀྲེན་ཏུང་ཆབ་མདོའི་འགྱུར་ལྡོག་ལ་ཧ་ལས་ཧང་སངས་ཤིང་། ཁོང་གིས“དེ་སྔ་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་4.6ལས་མེད་ལ་གཙང་པོ་སྒྲོལ་བའི་ཟམ་ཆེན་6ལས་མེད། ད་ཆ་གྲོང་ཁྱེར་གྱི་རྒྱ་ཁྱོན་དེ་སྔོན་ལས་ལྡབ་3ཙམ་ཆེ་རུ་ཕྱིན་པ་དང་། གཙང་པོ་སྒྲོལ་བའི་ཟམ་ཆེན་ཁོ་ན་13ཡོད་པ། གྲོང་ཁྱེར་ཧྲིལ་པོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་35%ཟིན་ཡོད”ཅེས་བཤད།
ཁྲོན་བོད་གཞུང་ལམ་གྱི་ལྷོ་ལམ་བརྒྱུད་དེ་ཤར་ནས་ནུབ་ཏུ་སྐྱོད་སྐབས། སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་གྱི་སྨར་ཁམས་དང་། མཛོ་སྒང་། དཔའ་ཤོད། དེ་བཞིན་ཉིང་ཁྲིའི་སྤོ་བོ་དང་ཀོང་པོ་རྒྱ་མདའ་སོགས་རྫོང་གྲོང་བརྒྱུད་དགོས་ཀྱི་ཡོད། སྔོན་ཆད་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་ས་ཆ་དེ་དག་གི་གཞི་ཁྱོན་ཅུང་ཆུང་བ་དང་། གྲོང་ཁྱེར་གྱི་དཀྱིལ་ནས་རྒྱལ་ལམ་བསྐྲུན་པ་ཁྲོམ་གཞུང་གཙོ་བོར་གྱུར་ཅིང་། དེའི་གཞོགས་གཉིས་སུ་ཚོང་ཁང་ཁ་ཤས་ཡོད་པ་ཚང་མའི་གང་ས་ཅི་ཐད་ཀྱི་ཆ་རྐྱེན་ཐབས་ཆག་ཤ་སྟག་རེད།
ད་ཆ་རྫོང་གྲོང་དེ་དག་སྔོན་མ་དང་མི་འདྲ་བར་འཕོ་འགྱུར་ཆེན་པོ་བྱུང་ཞིང་། ཐོག་ཁང་མང་པོ་འགྱིང་ངེར་གནས་ཡོད་པ་དང་། གང་སར་ཁྲོམ་གཞུང་ཡོད་པ། སྤྱི་པའི་སྒྲིག་ཆས་འཐུས་སྒོ་ཚང་བ་མ་ཟད། རྫོང་ཁག་གཅིག་གིས་ད་དུང་གཙང་པོ་བསྒྲལ་ནས་ཁུལ་གསར་འཛུགས་སྐྲུན་བྱས་ཤིང་། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་མགྲོན་ཁང་གི་ཁང་པ་ཧ་ཅང་དཀོན་པོ་ཡོད།
ལྟེ་བའི་རྫོང་གྲོང་ཕུད་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ངུ་ཁག་གཅིག་གིས་ཀྱང་རྒྱལ་ལམ་318རྒྱུད་ཀྱི་ཆ་རྐྱེན་སྟབས་བདེར་བརྟེན་ནས་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་དུ་འཕེལ་རྒྱས་བཏང་ཡོད།
དཔའ་ཤོད་རྫོང་ཁོངས་སུ་ཆགས་པའི་ར་འོག་མཚོ་ནི་བོད་ཤར་རྒྱུད་ཀྱི་མཛེས་ལྗོངས་ཁུལ་གྲགས་ཅན་ཞིག་ཡིན་པ་དང་། མཚོ་འགྲམ་དུ་གནས་པའི་ར་འོག་གྲོང་རྡལ་གྱིས་ཉེ་བའི་ལོ་ཤས་རིང་རྨང་གཞིའི་སྒྲིག་བཀོད་མགྱོགས་པོ་བསྐྲུན་པས་ཡུལ་སྐོར་བ་བསྡུ་འགྲེམས་ལྟེ་གནས་ཤིག་ཏུ་གྱུར་ཡོད། ར་འོག་མཚོ་ངོགས་སུ་ས་གནས་དེ་གས་ད་དུང་ཚོང་འགུགས་མ་འདྲེན་བྱས་ནས་ར་འོག་རྒྱལ་སྤྱིའི་སྒེར་འཁོར་སྒར་ས་བསྐྲུན་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་5000ཙམ་ཡོད་པ་དང་། དེར་ཟ་ཁང་དང་ཀོག་ཧྥེ་ཁང་ཡོད་པ་མ་ཟད། ད་དུང་ཁང་འཁོར་རྟེན་གཞི་དང་གུར་སྒར་སོགས་ཡོད་པས། བོད་དུ་ཡུལ་སྐོར་ལ་སྐྱོད་མཁན་ཚོ་ངེས་པར་དུ་འགྲོ་དགོས་པའི་དྲ་ཐོག་གྲགས་ཅན་ཁུལ་ཞིག་ཏུ་གྱུར་ཡོད།
གཞན་ཡང་ཉིང་ཁྲི་གྲོང་ཁུལ་དང་ཐག་ཅུང་ཉེ་བའི་ཀླུ་ནང་ནི་སྐད་གྲགས་ཆེ་བའི“སྐྱེ་ཁམས་ཡུལ་སྐོར་གྱི་གྲོང་རྡལ་ཆུང་ངུ”ཞིག་ཏུ་འཕེལ་རྒྱས་ཕྱིན་ཡོད།
2011ལོར། ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱིས་འཆར་འགོད་ཞིབ་ཚགས་བྱས་ཏེ་ཁྱོན་མ་དངུལ་སྒོར་དུང་ཕྱུར་36བཏང་བའི“ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི”རྣམ་གྲངས་སྐྲུན་འགོ་ཚུགས་ཤིང་། ལོ་6འཛུགས་སྐྲུན་བྱས་པ་བརྒྱུད་བཀོད་སྒྲིག་ལུགས་མཐུན་དང་། རང་བྱུང་སྐྱེ་ཁམས། དེང་རབས་དར་སྲོལ་བཅས་ཀྱི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་གི་གྲོང་རྡལ་ཆུང་ངུ་ཞིག་གངས་རིའི་འདབས་དང་ནགས་གསེབ་ཏུ་ཆགས།
དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། བོད་དུ་འགྲོ་འོང་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་དང་། བོད་དང་སི་ཁྲོན་སྦྲེལ་བའི་ཚེ་སྲོག་གི་ལམ་ཐིག་དང་། འགན་ལེན་གྱི་ལམ་ཐིག མཐུན་སྒྲིལ་གྱི་ལམ་ཐིག་སྟེ། ཁྲོན་བོད་གཞུང་ལམ་གྱིས་ནུས་པ་གལ་ཆེན་བཏོན་ཡོད། དེ་དང་ཆབས་ཅིག དེང་རབས་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་ཁག་གཅིག་ཆུང་བ་ནས་ཆེ་བར་གྱུར་པ་དེ་དག་མུ་ཏིག་ས་ལ་འཕོས་པ་ལྟར། ཁྲོན་བོད་ལམ་བུར་བཀྲག་མདངས་སྦྱིན་ལ་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་གསར་པ་ལའང་བཀྲག་མདངས་སྦྱིན་བཞིན་ཡོད།