དབུ་ཤོག>གསར་འགྱུར།
  • བོད་རང་སྐྱོང་ལྗོངས་2021ལོའི་མི་ཐབས་ཀྱིས་གནམ་གཤིས་འགྱུར་གཏོང་ལས་སྒོའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-10

    མི་ཐབས་ཀྱིས་གནམ་གཤིས་འགྱུར་གཏོང་ལས་དོན་ནི་རིམ་ཁག་སྲིད་གཞུང་གི་འགོ་ཁྲིད་འོག་སྤེལ་བའི་སྤྱི་ཕན་རང་བཞིན་གྱི་ས་གནས་གནམ་གཤིས་ཀྱི་བྱ་གཞག་ཅིག་དང་། རང་ལྗོངས་སུ་གནོད་འཚེ་སྔོན་འགོག གནོད་འཚེ་ཉུང་གཏོང་། གེགས་སེལ་ཕན་འདོགས། འབྲུ་རིགས་ཐོན་སྐྱེད་ལ་འགན་སྲུང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། བོད་རང་སྐྱོང་ལྗོངས་2021ལོའི་མི་ཐབས་ཀྱིས་གནམ་གཤིས་འགྱུར་གཏོང་ལས་སྒོ་ད་ལྟ་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད། ལས་སྒོ་དེ་བདེ་འཇགས་དང་ལས་ཆོད་ཆེ་བར་འགན་ལེན་ཡོང་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གནམ་གཤིས་བཅའ་ཁྲིམས》དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི《མི་ཐབས་ཀྱིས་གནམ་གཤིས་འགྱུར་གཏོང་དོ་དམ་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་མི་ཐབས་ཀྱིས་གནམ་གཤིས་འགྱུར་གཏོང་དོ་དམ་བྱ་ཐབས》བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་སྤྱི་བསྒྲགས་གཤམ་གསལ་ལྟར།

    དང་པོ། 2021ལོའི་ཟླ་5ཚེས་1ནས་2021ལོའི་ཟླ་12ཚེས་31ཉིན་བར་དུ་རང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ། ཉིང་ཁྲི་གྲོང་ཁྱེར། ནག་ཆུ་གྲོང་ཁྱེར་བཅས་ཁྱབ་ཁོངས་ཡོངས་སུ་འོས་འཚམ་ལ་མི་ཐབས་ཀྱིས་སེར་འགོག་དང་། ཆར(གངས)འབེབས། ནགས་ཚལ་མེ་གསོད། གལ་ཆེའི་སྤྱི་ཚོགས་བྱེད་སྒོར་འགན་སྲུང་སོགས་མི་ཐབས་ཀྱིས་གནམ་གཤིས་འགྱུར་གཏོང་ལས་སྒོ་སྤེལ་རྒྱུ་ཡིན་པས། ས་གནས་དེ་གའི་རིམ་ཁག་སྲིད་གཞུང་གིས་མི་ཐབས་ཀྱིས་གནམ་གཤིས་འགྱུར་གཏོང་ལས་ཀའི་བདེ་འཇགས་ཀྱི་དྲིལ་བསྒྲགས་དང་སློབ་གསོ་སོགས་འབྲེལ་ཡོད་ལས་ཀ་ལེགས་སྒྲུབ་ཡོད་པར་ཞུ། རྒྱ་ཆེའི་མང་ཚོགས་ཚོས་ཀྱང་ཕན་ཚུན་བརྒྱུད་སྤེལ་གནང་རོགས་ཞུ།

    གཉིས་པ། མི་ཐབས་ཀྱིས་གནམ་གཤིས་འགྱུར་གཏོང་ལས་སྒོ་སྤེལ་སྐབས་སྤྱོད་པའི་མེ་ཤུགས་འཕུར་མདའ་དང་མེ་སྒྱོགས་ནི་འབར་གས་སླ་བའི་ཉེན་ཁའི་དངོས་རྫས་ཡིན་སྟབས་ལས་སྒྲུབ་ས་གནས་དང་དེའི་ཉེ་འཁོར་ལ་འབྲེལ་མེད་མི་སྣ་དང་ཕྱུགས་རིགས་འཛུལ་མི་ཆོག ལས་སྒྲུབ་ས་ཁོངས་ཀྱི་ལས་ཁུངས་སམ་མི་སྒེར་གྱིས་འབར་གས་བྱུང་མེད་པའི་མདེའུ་དང་དེའི་འབར་རོ་རྙེད་ཚེ་ཁྱེད་དང་མི་གཞན་གྱི་བདེ་འཇགས་ཆེད་དུ་རང་དགར་འབར་རོ་དེ་དག་རྡུང་བ་དང་བཤིག་པ། རྩེད་མོ་རྩེ་བ། སྦས་སྐུང་བྱེད་པའམ་ཡང་ན་བརྒྱུད་འཚོང་བྱེད་མི་རུང་བར། ཐག་གཅོད་འོས་འཚམ་ཡོང་ཆེད་མགྱོགས་མྱུར་ངང་ས་གནས་དེ་གའི་སྲིད་གཞུང་དང་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་བའམ་ས་གནས་དེ་གའི་གནམ་གཤིས་ལས་ཁུངས་སམ་ཞིང་འབྲོག་ཅུས་ལ་འབྲེལ་གཏུག་བྱེད་དགོས།

    གསུམ་པ། མི་ཐབས་ཀྱིས་གནམ་གཤིས་འགྱུར་གཏོང་ལས་སྒོ་སྤེལ་སྐབས་ལས་འཛོལ་ཐོན་ཚེ་དུས་ཐོག་ཏུ་དོན་རྐྱེན་ལ་ཐག་གཅོད་ཡོང་ཆེད་མགྱོགས་མྱུར་དུ་ས་གནས་དེ་གའི་སྲིད་གཞུང་དང་སྤྱི་བདེ་ལས་ཁུངས་སམ་ཡང་ན་གནམ་གཤིས་ལས་ཁུངས་དང་ཞིང་འབྲོག་ཅུས་ལ་སྙན་སེང་ཞུ་དགོས་པ་དང་འབྲེལ་དོན་རྐྱེན་ཐོན་སའི་ཡུལ་དངོས་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས།

    བཞི་པ། གོང་གསལ་སྤྱི་བསྒྲགས་ཀྱི་ནང་དོན་ལས་འགལ་ཚེ་འབྲེལ་ཡོད་གཏན་འབེབས་ལྟར་དོ་བདག་གི་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན། དེ་ལས་བྱུང་བའི་དོན་རྐྱེན་གྱི་འགན་འཁྲི་ཐམས་ཅད་རང་ཉིད་ཀྱིས་འཁུར་དགོས་པ་དང་། དེས་རྒྱལ་ཁབ་དང་མི་གཞན་ལ་དོན་རྐྱེན་དང་གྱོང་གུན་བཟོས་ཚེ་དཔལ་འབྱོར་དང་ཁྲིམས་ལུགས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།

    འབྲེལ་གཏུག་ཁ་པར། བོད་རང་སྐྱོང་ལྗོངས་མི་ཐབས་ཀྱིས་གནམ་གཤིས་འགྱུར་གཏོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། 0891-6331552

    དམིགས་བསལ་དུ་སྤྱི་བསྒྲགས་འདི་སྤེལ།

    བོད་རང་སྐྱོང་ལྗོངས་མི་ཐབས་ཀྱིས་གནམ་གཤིས་འགྱུར་གཏོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་།

    2021ལོར། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།