མེ་ཏོག་རྫོང་བདེ་ཞིང་ཤང་བདེ་ཞིང་གྲོང་ཚོའི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།
བདེ་ཞིང་གྲོང་ཚོའི་ཧུང་ཞང་དང་ཡོན་ཀོན་ཏུང་བཟའ་ཚོ་གཉིས་ཡིན་པ།
མཛེས་སྡུག་ཡིད་དུ་འོང་བའི་བདེ་ཞིང་གྲོང་ཚོ་ནི་མེ་ཏོག་རྫོང་གྲོང་དང་བར་ཐག་སྤྱི་ལེ་7ཙམ་གྱི་སར་གནས་ཤིང་། གྲོང་ཚོ་དེར་མོན་པ་རིགས་དང་། ལྷོ་པ་རིགས། བོད་རིགས། རྒྱ་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད། གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་རྣམས་སེམས་རྩ་འཁོལ་ཞིང་བབ་ཆགས་ལ་ཕན་ཚུན་རོགས་རམ་དང་མཉམ་དུ་ངལ་རྩོལ་བྱེད་པའི་མཛའ་མཐུན་གྱི་རྣམ་པ་ལས་བདེ་ཞིང་གྲོང་ཚོ་ཞི་མཐུན་གྱི་ཁོར་ཡུག་ཏུ་དཔུང་པ་གཉམ་གཤིབ་དང་། གཅིག་ཕན་གཅིག་རོགས་ཀྱིས་འབྱོར་འབྲིང་གི་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད་པ་ངང་གིས་རྟོགས། འདི་ལྟར་མི་རིགས་མང་པོ་མཉམ་དུ་འདུས་པའི་གྲོང་ཚོ་དེར་ཚང་མས་ཡིད་སྨོན་བྱེད་པའི་བཟའ་ཚོ་ཞིག་ཡོད་ཅིང་། ཁྱོ་བོ་ནི་སི་ཁྲོན་བ་ཡོན་ཀོན་ཏུང་དང་བཟའ་ཟླ་ནི་མོན་པ་རིགས་ཧུང་ཞང་རེད། ཁོ་གཉིས་ཀྱི་ཁྱིམ་ནས་རྟག་ཏུ་དགོད་སྒྲ་ལྷང་ལྷང་གྲགས་པ་ལས་ད་གཟོད་མི་རིགས་གཉིས་འདུས་པ་ལས་གྲུབ་པའི་ཁྱིམ་ཚང་འདི་ནི་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡིན་པ་རྟོགས་ཐུབ།
ཧུང་ཞང་ཁྱིམ་གྱི་སྐོར་གླེང་སྐབས། ཁྱིམ་ཚང་འདི་ནི་མིང་དོན་མཚུངས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཞིག་ཡིན་པ་དང་། ཧུང་ཞང་ཁྱིམ་གྱི་དགའ་སྐྱིད་འཚོ་བ་ལས་གྲོང་ཚོ་དེ་གའི་མི་རིགས་ཁག་དབར་གྱི་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་ངང་གིས་མངོན་གྱི་ཡོད། འདི་ལོ་ལོ་48ལ་སླེབས་པའི་ཧུང་ཞང་ནི་བདེ་ཞིང་གྲོང་ཚོའི་གྲོང་མི་ས་སྐྱེས་རྡོ་སྐྱེས་ཤིག་ཡིན་པ་དང་ཁོང་གི་ཁྱོ་བོ་ཡོན་ཀོན་ཏུང་ནི་1986ལོར་མེ་ཏོག་རྫོང་དུ་སླེབས་ནས་སྔ་ཕྱིར་ཅ་ལག་དབོར་མཁན་དང་ལྗིད་ཐེག་རླངས་འཁོར་གྱི་ཁ་ལོ་བ། ཨར་པོ་བ་སོགས་བྱས་པ་མ་ཟད། ད་དུང་ཟ་ཁང་ཡང་གཉེར་མྱོང་ཡོད། དཀའ་སྤྱད་སྡུག་བསྲན་ཐུབ་ལ། སློབ་སྦྱོང་ལ་དགའ་བའི་ཡོན་ཀོན་ཏུང་སྐབས་དེ་དུས་གནས་ངེས་མེད་དུ་ལས་ཀར་འགྲོ་དགོས་སྟབས་གཏན་འཁེལ་གྱི་སྡོད་གནས་ཤིག་མེད། ཕྱིས་སུ་གཞན་གྱི་ངོ་སྤྲོད་བྱས་པ་བརྒྱུད། བདེ་ཞིང་གྲོང་ཚོའི་ཧུང་ཞང་དང་བཟའ་ཚང་དུ་གྱུར་ཅིང་། ད་བར་ཁོ་གཉིས་ཀྱིས་དགའ་སྐྱོ་འདྲེས་མའི་མི་ལོ་20ལྷག་ཙམ་བསྐྱལ་ཟིན་པ་རེད། མ་གཞི་ཁོ་གཉིས་མི་རིགས་གཅིག་པ་མིན་རུང་སྔར་ནས་ད་བར་འཆམ་མཐུན་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་ལ། ཁྱིམ་ཚང་གི་འབྱོར་འཁོས་དེ་ཙམ་ལེགས་པོ་མེད་རུང་། ཕན་ཚུན་འཁང་ར་ཡེ་ནས་བྱེད་མྱོང་མེད། ཁོ་གཉིས་བཟའ་ཚང་དུ་གྱུར་པ་ནས་བཟུང་། ཕན་ཚུན་བསམ་ཤེས་དང་དྲིན་ཚོར་གྱི་བསམ་པ་བཅངས་ནས་དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་བ་དང་སྦྲགས། གཞན་ལ་རོཌ་རམ་ཇི་ལྟར་བྱེད་དགོས་པར་བསམ་གཞིག་བྱེད་ཀྱི་ཡོད།
ཁ་རྒྱུན་དུ་ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཅེས་ཤོད་སྲོལ་ཡོད་པ་ལྟར། ཚང་མས་ཁོ་གཉིས་རྒྱུན་དུ་ཧ་ཅང་འཆམ་པོ་ཡོད་པར་བརྟེན་ཁོ་གཉིས་ཀྱི་འཚོ་བ་ཡང་བདེ་སྐྱིད་ལྡན་པ་ཞིག་རེད་བརྗོད་ཀྱི་ཡོད། གསར་འགོད་པས་ཁོ་གཉིས་ལ་དེའི་སྐོར་སྐད་ཆ་འདྲི་སྐབས། ཧུང་ཞང་གི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བ་དང་། ཡོན་ཀོན་ཏུང་གིས་སི་ཁྲོན་གྱི་སྐད་དྭངས་མ་ཞིག་བརྒྱབ་ནས་ང་ཚོར“འཚོ་བ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་བ་ནི་ང་ཚོས་ཁ་ནས་བརྗོད་པ་ཙམ་མིན་པར། དུས་རྟག་ཏུ་རང་གི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་ཞིག་བྱུང་ཚེ་དེ་ནི་བདེ་སྐྱིད་རེད”ཅེས་བཤད། ངོ་མ་རང་རང་སོ་སོའི་འཚོ་བ་ཅི་འདྲ་ཞིག་སྐྱེལ་མིན་ནི་རང་རང་སོ་སོར་རག་ལུས་པ་ཞིག་ཡིན་པ་སྨྲོས་མེད་ལགས།
འཆམ་མཐུན་གྱི་ཁྱིམ་ཚང་ཆུང་ངུ་ལས་མི་རིགས་ཀྱི་བརྩེ་བ་ཟབ་མོ་མངོན།
མནའ་མ་ནི་མནའ་མ་ཡག་པོ་ཞིག་རེད་ལ་ཁྱོ་བོ་ནི་ཁྱོ་བོ་ཡག་པོ་ཞིག་རེད། ང་ཚོས་དོན་དངོས་ཀྱི་འཚོ་བའི་ཁྲོད་ལས་མིང་དོན་མཚུངས་པའི་དཔེ་སྟོན་གྱི་ཁྱིམ་ཚང་ཞིག་ཡིན་མིན་བདེན་དཔང་བྱ་ཆོག ཧུང་ཞང་དང་ཡོན་ཀོན་ཏུང་གི་ངོས་ནས་བརྗོད་ཚེ། ཁོ་གཉིས་ནི་དམིགས་བསལ་གྱི་གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་ཁོངས་སུ་གཏོགས་ཀྱི་ཡོད་མོད། ཡིན་ནའང་། རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཁོ་གཉིས་ཀྱིས་གྲོང་ཚོའི་མང་ཚོགས་དབར་ཕན་ཚུན་རོགས་རམ་དང་འཆམ་མཐུན་བྱ་རྒྱུ་ནི་གནད་དོན་གལ་ཆེན་ཞིག་ཏུ་བརྩི་བ་ལས་མི་རིགས་ཀྱི་ཁྱད་པར་ནི་འཆམ་མཐུན་གྱི་འགལ་རྐྱེན་དུ་འགྱུར་མི་རུང་བའི་ངོས་འཛིན་བྱེད་ཀྱི་ཡོད། གཉེན་སྒྲིག་བྱས་ནས་ད་བར་ལོ་20ཙམ་སོང་རིང་། ཁོ་གཉིས་ཕན་ཚུན་ཁ་རྩོད་ཙམ་ཡང་ཤོར་མྱོང་མེད་ལ། ཕྱི་ནང་གང་དུ་སོང་ཡང་འཆམ་མཐུན་གྱི་འཚོ་བར་རོལ་བཞིན་ཡོད་པས། གྲོང་པ་ཁྱིམ་མཚེས་ཚང་མས་དགའ་པོ་བྱེད་ཀྱི་ཡོད་ལ། རྒྱུན་དུ་གྲོང་པ་ཁྱིམ་མཚེས་ལ་དཀའ་ངལ་འཕྲད་སྐབས། ཁོ་གཉིས་ཀྱིས་རང་གི་འཁོས་བབ་ལ་གཞིགས་ནས་སེམས་རྩ་འཁོལ་པོས་རོགས་རམ་བྱེད་ཀྱི་ཡོད། ལྷག་པར་དུ་ཡོན་ཀོན་ཏུང་གིས་མོན་པའི་སྐད་ཐོགས་པ་མེད་པར་བརྒྱབ་ནས་གྲོང་མི་ཁྱིམ་མཚེས་ཚོ་དང་གླེང་མོལ་བྱེད་པ་དང་། སྐབས་རེ་ཁོ་རང་གི་ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་ཚལ་སྣེ་ཁ་ཁ་ཤས་བཟོས་ཏེ་གྲོང་མི་ཚོར་བྲོ་བ་མྱོང་དུ་འཇུག་གི་ཡོད། ཧུང་ཞང་དང་ཁོང་གི་ནང་མི་རྣམས་སེམས་རྩ་འཁོལ་བ་དང་གྲོང་མི་རྣམས་དང་འཆམ་པོ་ཡོད་པས། ཧུང་ཞང་གི་པ་ཕ་ནད་ཀྱིས་མནར་ནས་ཉལ་སར་ལུས་རིང་། གྲོང་མི་ཚོས་རྟག་ཏུ་རོགས་པ་བྱེད་པར་བསྐྱོད་ནས་ཁོ་ཚོའི་སེམས་པ་མཚོན་པར་བྱེད་ཀྱི་ཡོད། དེ་ནི་ཧུང་ཞང་བཟའ་ཚོ་གཉིས་པོའི་མི་རིགས་ཀྱི་དབྱེ་བ་མེད་པའི་འདུ་ཤེས་ལས་བྱུང་བའི་འབྲས་བུ་ཞིག་རེད།
བདེ་ཞིང་གྲོང་ཚོར་རྒན་རྒོན་ཅུང་མང་པོ་ཡོད། ཧུང་ཞང་གི་ཁྱིམ་དང་ཐག་ཉེ་ཤོས་ཀྱི་དུད་ཚང་དེར་ཆ་མཚོན་ན། ཁྱིམ་དུ་ལོ་70ཡན་སླེབས་པའི་རྒན་རྒོན་གཉིས་ཡོད་ཅིང་། བུ་ཕྲུག་རྣམས་ཡུལ་གཞན་དུ་གླ་པར་ཕྱིན་པ་དང་གཉེན་ཉེ་གཞན་ཡང་གྲོང་ཚོ་དེ་གར་མེད་པས་རྒྱུན་དུ་ལྟ་རྟོག་བྱེད་མཁན་མེད། དེར་བརྟེན། ཧུང་ཞང་གིས་རྟག་ཏུ་ཁ་ལག་བཟོས་ནས་སྐྱེལ་བར་འགྲོ་བ་དང་། ལོ་མང་རིང་ལོ་ལྟར་དུས་ཆེན་སྐབས་ཧུང་ཞང་བཟའ་ཚོས་རྒས་འཁོགས་ལ་བྱ་ཤ་སོས་པ་དང་བྱ་ཤའི་ཐང་སོགས་བསྐྱལ་ཏེ་རྒས་འཁོགས་ཀྱི་གཟུགས་པོ་གསོ་ཐབས་བྱེད་ཀྱི་ཡོད། ཡོན་ཀོན་ཏུང་རྟག་ཏུ་ཕྱི་ཕྱོགས་སུ་གླ་པར་ཕྱིན་པས་དངུལ་མི་ཉུང་བ་ཞིག་བསགས་ཡོད་པ་དང་། གྲོང་མི་ཁྱིམ་མཚེས་ཚོར་དཀའ་ངལ་འཕྲད་སྐབས་དངུལ་ཇི་ཙམ་མཁོ་མིན་སྐད་ཆ་དྲིས་ཏེ་ཐད་ཀར་གཡར་བ་ལས་ནམ་ཞིག་སྤྲོད་ཐུབ་མིན་སོགས་རྩ་བ་ནས་སྐད་ཆ་འདྲི་ཡི་མེད། མ་ཟད་ཧུང་ཞང་དང་ཡོན་ཀོན་ཏུང་གཉིས་ཀྱིས་ཞིང་ལས་འཕྲུལ་ཆས་ཤིག་ཉོས་ཡོད་པ་དེ་ནི་ཐུན་མོང་ཐོག་ཉོས་པ་ཇི་བཞིན་གྲོང་མི་ཁྱིམ་མཚེས་སུ་ལ་མཁོ་རུང་དེ་ལ་གཡར་བ་ལས་འཁང་ར་དང་གཡར་མི་འདོད་པའི་རྣམ་འགྱུར་གཏན་ནས་བསྟན་མྱོང་མེད། ཡུལ་མི་ཁྱིམ་མཚེས་དབར་གྱི་འབྲེལ་བ་ཡག་པོ་ཡོད་པས། རྒྱུན་དུ་སུ་ལ་དཀའ་ངལ་ཡོད་པའམ་རོགས་པ་དགོས་ཚེ་ཚང་མས་རོགས་པ་བྱེད་པར་འགྲོ་ཡི་ཡོད། མ་གཞི་མི་རིགས་མི་འདྲ་ཡང་བློ་སེམས་གཅིག་ཏུ་བསྒྲིལ་ཏེ་ཕན་ཚུན་རོགས་རམ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
མི་རིགས་མཐུན་སྒྲིལ་ནི་སོ་སོ་རང་ཉིད་ནས་འགོ་འཛུགས་དགོས།
མི་རིགས་མཐུན་སྒྲིལ་གྱི་བསམ་ཕྱོགས་སྐོར་གླེང་སྐབས། ཧུང་ཞང་གིས“གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་བློ་མཐུན་ཚོས་ང་ཚོར་རྒྱུན་དུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱག་གི་ཡོད། ངེད་གཉིས་ཀྱི་ངོས་ནས་བརྗོད་ན། སོ་སོ་རང་ཉིད་ཀྱིས་སྒྲུབ་དགོས་པའི་ལས་ཀ་སྒྲུབ་པ་ཙམ་ཡིན”ཞེས་བརྗོད། ལས་དོན་རུ་ཁག་གི་དབུ་ཁྲིད་རྣམ་པས་ཁྱིམ་ཚང་དུ་རྒན་རྒོན་ཡོད་ཚེ་དབུ་ཁྲིད་ཚོ་འཚམས་འདྲིར་ཕེབས་པ་མ་ཟད་ད་དུང་ལག་རྟགས་ཀྱང་སྤྲོད་ཀྱི་ཡོད། དེ་བཞིན་མང་ཚོགས་འཕྲད་སྐབས་སེམས་རྩ་འཁོལ་པོས་གླེང་མོལ་གནང་བ་དང་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་གནང་རྒྱུར་དགའ་པོ་ཡོད་ལ། མང་ཚོགས་ཚོའི་དཀའ་ངལ་ཤེས་རྟོགས་གནང་ནས་གང་ཐུབ་ཅི་ཐུབ་ཀྱིས་ཐག་གཅོད་གནང་གི་ཡོད། སྐབས་རེ་ཁོང་རྣམ་པས་རང་ཉིད་ཀྱི་དངུལ་བཏང་ནས་རྒན་རྒོན་ཚོར་འཚམས་འདྲི་གནང་གི་ཡོད་ལ་རྒན་རྒོན་ཚོར་ཐུགས་ཁུར་དང་ཁོ་ཚོའི་བདེ་ཐང་དང་དགོས་མཁོར་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད། ཧུང་ཞང་ཁྱིམ་གྱི་སྒོ་རའི་ནང་དུ་རྐུབ་སྟེགས་ཁ་ཤས་བཞག་ཡོད་པས་རྒན་རྒོན་མང་པོ་ཞིག་དེ་གར་འཛོམས་ནས་བློ་བདེ་བག་ཕེབས་ངང་གླེང་མོལ་བྱས་ཏེ་སྡོད་ཀྱི་ཡོད་པས། དེ་ནི་རྒན་རྒོན་རྣམས་ལ་བསམ་གཞིག་བྱས་པ་ཞིག་ཡིན་པ་ཚང་མས་ཤེས་ཀྱི་ཡོད། གྲོང་ཚོ་དེར་མི་རིགས་མི་འདྲ་བ་ཕན་ཚུན་གཉེན་སྒྲིག་བྱས་པ་ཧུང་ཞང་དང་ཡོན་ཀོན་ཏུང་གཅིག་པུ་མིན་པར་ད་དུང་ཁ་ཤས་ཡོད་པས། འདི་ནི་མི་རིགས་ཀྱི་དབྱེ་བ་མེད་པའི་མཚོན་ཚུལ་ཞིག་རེད་ལ་དེ་བས་གྲོང་ཚོ་དེའི་མི་རིགས་མཐུན་སྒྲིལ་གྱི་མཚོན་ཚུལ་ཞིག་ཀྱང་རེད།
ཧུང་ཞང་གིས་དོན་དངོས་ཀྱི་ལག་ལེན་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་བཏོད་ཡོད་ལ། ཡོན་ཀོན་ཏུང་གིས་སྒེར་སེམས་མེད་པར་གཅེས་སེམས་བརྒྱུད་སྤྲོད་བྱས་ཏེ་བཟའ་ཚོ་གཉིས་པོས་བབ་ཆགས་པའི་སྤྱོད་པར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་འདི་བསྐྱངས་ཡོད་པ་མ་ཟད། ཁ་ཡོད་ལག་ཡོད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་མི་ཚོར་མི་རིགས་མཐུན་སྒྲིལ་གྱི་དྲང་ནུས་བརྒྱུད་སྤྲོད་བྱས་ཡོད་པས། ང་ཚོས་ཁོ་ཚོའི་སྤྱོད་ཚུལ་དེ་དག་ལས“མི་རིགས་མཐུན་སྒྲིལ་ནི་སོ་སོ་རང་ཉིད་ནས་འགོ་འཛུགས་དགོས་པ”གསལ་པོར་ཤེས་ཐུབ། ཁོ་ཚོས་དྲང་བདེན་གྱི་ལག་ལེན་དངོས་ལས་མི་རིགས་ཁག་དབར་བཅངས་པའི་མཐུན་སྒྲིལ་གྱི་བརྩེ་བ་བརྒྱུད་སྤྲོད་བྱེད་བཞིན་ཡོད་ལ། མི་རིགས་མཐུན་སྒྲིལ་གྱི་དྲང་ནུས་ཆེན་པོ་བརྒྱུད་སྤྲོད་བྱེད་བཞིན་ཡོད།