ད་ལོའི་ཟླ་2པ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས“སྒྲིག་ཁྲིམས་ལས་འགལ་ཐེངས་དང་པོར་ཆད་པ་མི་གཅོད་པའི”བྱ་ཐབས་ཁྱབ་གདལ་ཧུར་ཐག་བཏང་ཡོད། གལ་ཏེ་ཞིང་འབྲོག་ཁུལ་གྱི་ཁ་ལོ་བ་དང་སྒེར་འཁོར་བཏང་ནས་ལྷ་སར་ཡུལ་སྐོར་དུ་ཡོང་མཁན་ཁ་ལོ་བ་ཚོར་ལོ་གཅིག་ནང་རླངས་འཁོར་གང་བྱུང་དུ་བཞག་པ་སོགས་ཀྱི་འགྲིམ་འགྲུལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐེངས་དང་པོ་ཐོན་ཚེ་ཆད་པ་གཅོད་ཀྱི་མེད་པ་རེད།
“སྒྲིག་ཁྲིམས་ལས་འགལ་ཐེངས་དང་པོར་ཆད་པ་མི་གཅོད་པའི”སྒྲིག་འགལ་གྱི་བྱེད་སྤྱོད་རིགས་14སྟེ།
01.ཁ་ལོ་བས་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་དང་ཁ་ལོ་བའི་ལག་ཁྱེར་འཁྱེར་མེད་པར་འཕྲུལ་སྒུལ་འཁོར་རིགས་བཏང་བ་རྩད་ཆོད་ཚེ། བརྟག་དཔྱད་བྱས་པ་བརྒྱུད་ཁྲིམས་མཐུན་གོ་ཆོད་ཀྱི་ཐོ་འགོད་ལག་ཁྱེར་ཡོད་པའི་རིགས།
02.ཁ་ལོ་བའི་ལག་ཁྱེར་བརླགས་པ་དང་རལ་ནས་གསབ་གཉེར་བྱེད་རིང་འཕྲུལ་སྒུལ་འཁོར་རིགས་བཏང་བ་རྩད་ཆོད་ནའང་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་འདོན་རྒྱུ་ཡོད་པ་མ་ཟད། བརྟག་དཔྱད་བྱས་རྗེས་ཁྲིམས་མཐུན་གོ་ཆོད་ཀྱི་རླངས་འཁོར་གཏོང་ཆོག་པའི་ཐོབ་ཐང་ཡོད་པའི་རིགས།
03.གཏན་འབེབས་ལས་འགལ་ནས་རླངས་འཁོར་གང་བྱུང་དུ་འཇོག་པ་དང་གནས་སྐབས་འཇོག་རིང་ཁ་ལོ་བ་རླངས་འཁོར་འཇོག་སར་ཡོད་ཅིང་། འགྲིམ་འགྲུལ་ཉེན་རྟོག་པས་སྒྲིག་འགལ་ཡིན་པ་དྲན་སྐུལ་བྱས་རྗེས་འཕྲལ་མར་རླངས་འཁོར་དེ་ནས་ཁ་བྲལ་བའི་རིགས།
04.འཕྲུལ་སྒུལ་འཁོར་རིགས་ལ་གཏན་འབེབས་ལྟར་འགན་བཅོལ་མཚོན་རྟགས་སྦྱར་མེད་པ་ཤེས་རྟོགས་ཐུབ་ནས་སློབ་གསོ་བརྒྱབ་རྗེས་འཕྲད་དུ་ཡོ་བསྲང་བྱས་རིགས།
05. འཕྲུལ་སྒུལ་འཁོར་རིགས་ཀྱི་མདུན་ཤེལ་དང་རྒྱབ་ཤེལ་ཟུར་དུ་ཅ་དངོས་འགེལ་བ་སོགས་བྱས་ནས་མཐོང་རྒྱ་བཀག་པའི་རིགས།
06.གཏན་འབེབས་ལྟར་འཕྲུལ་སྒུལ་འཁོར་རིགས་ལ་འཁོར་བྱང་བསྒར་བ་མ་ཟད། ད་དུང་རང་དགར་མཛེས་བཟོའི་མཚོན་རྟགས་གཞན་དག་བསྒར་རུང་འཁོར་བྱང་ངོས་འཛིན་བྱེད་པར་ཤུགས་རྐྱེན་མི་ཐེབས་པའི་རིགས།
07.ཡུལ་གཞན་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བས་ལམ་ལ་རྒྱུས་མངའ་མེད་པའི་དབང་གིས་རླངས་འཁོར་བཀག་སྡོམ་ཁུལ་དུ་བཏང་རྗེས་འཕྲལ་དུ་ཡོ་བསྲང་བྱེད་ཐུབ་མཁན།
08.རླངས་འཁོར་གྱི་སྒོ་སོགས་ཡག་པོ་མ་བརྒྱབ་པར་རླངས་འཁོར་བཏང་བ་རྩད་ཆོད་ནས་སློབ་གསོ་བརྒྱབ་རྗེས་འཕྲལ་དུ་ཡོ་བསྲང་བྱས་རིགས།
09.དུང་བརྡ་གཏོང་མི་ཆོག་པའི་ཁུལ་དང་ཡང་ན་ལམ་དུམ་དུ་དུང་བརྡ་གཏོང་བའི་རིགས།
10.འཕྲུལ་སྒུལ་འཁོར་རིགས་གཞུང་ལམ་ཨ་མར་འཛུལ་འགྲོ་ས་དང་དོན་ཡོང་སར་སླེབས་སྐབས། རླངས་འཁོར་གྱི་གཞོགས་གཅིག་གི་འཁོར་ལོས་རྫི་མི་ཆོག་པའི་མཚོན་རྟགས་བརྗིས་ནའང་རླངས་འཁོར་གཞན་དག་དང་འགྲུལ་པའི་འགྲུལ་བཞུད་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོས་མེད་པའི་རིགས།
11.སྦག་སྦག་ཆུང་གྲས་དང་གློག་སྒུལ་སྦག་སྦག་གཏོང་མཁན་དང་དེ་བཞིན་རྒྱབ་ཏུ་བཞོན་མཁན་གྱིས་གཏན་འབེབས་ལྟར་བདེ་འཇགས་སྲུང་ཞྭ་གྱོན་མེད་པ་ཤེས་སྐབས་སློབ་གསོ་བརྒྱབ་རྗེས་འཕྲལ་དུ་ཡོ་བསྲང་བྱས་རིགས།
12. འཕྲུལ་སྒུལ་མིན་པའི་འཁོར་རིགས་ལ་ཁ་བཀག་བརྡ་རྟགས་འཕྲད་སྐབས། ཁ་བཀག་ལམ་ཐིག་ནང་ངམ་ཡང་ན་ལམ་མདོར་ཁ་བཀག་པར་སློབ་གསོ་བརྒྱབ་རྗེས་འཕྲལ་དུ་ཡོ་བསྲང་བྱས་རིགས།
13.འཕྲུལ་སྒུལ་འཁོར་རིགས་ཀྱི་ལོ་བཤེར་དུས་བཀག་ཡོལ་ནས་ཉིན་བཅུ་སོང་མེད་རིགས།
14.རྒྱ་ལམ་འགྲུལ་པས་མི་འགྲོ་ས་ནས་མ་བསྐྱོད་པར་འཕྲུལ་སྒུལ་འཁོར་རིགས་ཀྱི་ལམ་བུ་འཕྲེད་བཅད་གཏོང་བ་རྩད་ཆོད་ནས་སློབ་གསོ་བརྒྱབ་རྗེས་འཕྲལ་དུ་ཡོ་བསྲང་བྱས་པའི་རིགས་བཅས་རེད།