ཉེ་བའི་ལོ་ཤས་རིང་། ལྷོ་བྲག་རྫོང་གིས་བྱེད་ཐབས་མི་འདྲ་བ་དང་གཞི་རྟེན་མི་འདྲ་བའི་ཐོག་ནས་ཁྱབ་ཁོངས་ཁག་ཏུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཏན་ཏིག་སྤེལ་བས་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་བྱས་རྗེས་འབོར་ཆེན་ཞིག་ཐོན་ཡོད། མི་རིགས་མི་འདྲ་བ་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་གི་འཆམ་མཐུན་ལྡན་པའི་འཚོ་བ་ནས་མི་རིགས་མི་འདྲ་བའི་དབར་མཐུན་སྒྲིལ་རོགས་རེས་དང་འཆམ་མཐུན་མཉམ་གནས་བྱེད་པའི་བར་བོད་རིགས་དང་། རྒྱ་རིགས། མོན་པ་རིགས། འཇང་རིགས་སོགས་མི་རིགས་8སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་མི་རིགས་མཐུན་སྒྲིལ་དང་མི་རིགས་མཉམ་འདྲེས་ཀྱི་བསྟོད་གླུ་ཞིག་བརྩམས་ཡོད།
མཚོ་སྔོན་ནི་ཕ་ཡུལ་དང་ལྷོ་བྲག་ནི་ཁྱིམ་གཞིས་ཡིན།
རྒྱ་རིགས་ཤིག་ཡིན་པའི་ཟླ་བ་སྒྲོལ་དཀར་གྱི་བཟའ་ཟླ་ཏུང་གོ་ཤིས་ནི་མཚོ་སྔོན་ཞིང་ཆེན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ནས་ཡིན་པ་རེད།
མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཏུང་གོ་ཤིས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་དུ་གླ་པར་ཡོང་བ་དང་། དེ་གར་ཏུང་གོ་ཤིས་ཀྱིས་ལས་ཡུལ་གཅིག་པར་གླ་པ་རྒྱུག་བཞིན་པའི་ཟླ་བ་སྒྲོལ་དཀར་ངོ་ཤེས།
འབྲལ་མེད་མཉམ་གཤིབ་ཀྱི་འཚོ་བའི་ཁྲོད་ཏུང་གོ་ཤིས་སེམས་རྩ་འཁོལ་ལ་སེམས་པ་བཟང་བའི་ཟླ་བ་སྒྲོལ་དཀར་ལ་དགའ་པོ་ཡོད་པ་དང་། སེམས་རྩ་འཁོལ་ཞིང་ལས་ལ་བརྩོན་པའི་ཏུང་གོ་ཤིས་ལའང་ཟླ་བ་སྒྲོལ་དཀར་སེམས་པ་རབ་ཏུ་མགུ་ནས་གཞོན་ནུ་གཉིས་གང་མགྱོགས་མཉམ་དུ་འཚོ་བ་སྐྱེལ་འགོ་ཚུགས།
གཉེན་སྒྲིག་བྱས་རྗེས་ས་གནས་དེ་གར་མཉམ་འདྲེས་བྱས་ནས་ནང་མིར་ལྟ་རྟོག་བྱ་ཆེད། ཟླ་བ་སྒྲོལ་དཀར་གྱི་རོགས་རམ་འོག་ཏུང་གོ་ཤིས་ཀྱིས་བོད་སྐད་ཤོད་ཤེས་པ་མ་ཟད། ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལའང་རིམ་བཞིན་གོམས་ནས་འཚོ་བ་ཉིན་བཞིན་འཆམ་མཐུན་ལྡན་པར་གྱུར།
ཕྲུ་གུ་སྐྱེས་རྗེས་ཏུང་གོ་ཤིས་ཀྱིས་ཐེམ་ཐོ་མཚོ་སྔོན་ནས་ལྷོ་བྲག་རྫོང་དུ་བསྒྱུར། “ང་སྔོན་ཆད་མཚོ་སྔོན་བ་ཞིག་ཡིན་པ་དང་། ད་ཆ་ལྷོ་བྲག་བ་ཞིག་ཡིན”“ཁྱིམ་གང་དུ་ཡོད་ན་དེ་གར་ཕ་ཡུལ་ཡིན”ཞེས་ཏུང་གོ་ཤིས་ཀྱིས་བརྗོད།
སྒྱིད་སྟོད་སྡེ་ཁུལ་གྱི་གྲོང་མི་ཚོས་ཕྱི་ནས་ཡོང་བའི་མག་པ་ཁོང་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “གྲོང་ཚོའི་ནང་སུའི་ཁྱིམ་ལ་ལས་ཀ་དོན་ན་ཚང་མས་ཁོང་བཙལ་ནས་རོགས་པ་བྱེད་རོགས་ཟེར་གྱི་ཡོད། གྲོང་ཚོས་གྲོང་མི་ཕྱིར་གླ་པར་བསྐྱོད་རྒྱུའི་སྒྲིག་འཛུགས་བྱེད་སྐབས་ངེད་གཉིས་སྔོན་ལ་བཀོད་སྒྲིག་བྱེད་ཀྱི་ཡོད”ཅེས་ཟླ་བ་སྒྲོལ་དཀར་གྱིས་འཛུམ་དམུལ་དམུལ་ངང་བཤད།
མཚོ་སྔོན་གྱི་ཕོ་གཞོན་ཏུང་གོ་ཤིས་ཀྱིས་རང་ཉིད་ཀྱི་དཔུང་པ་གཉིས་ལ་བརྟེན་ནས་ཁྱིམ་ཚང་གི་ལས་འགན་ལྕི་པོ་དེ་ཕྲག་ཏུ་འཁུར་བ་མ་ཟད། ལྷོ་བྲག་རྫོང་དུའང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མིག་དཔེ་བཏོད་ཡོད། རྫོང་ཡོངས་སུ་ཏུང་གོ་ཤིས་དང་ཟླ་བ་སྒྲོལ་དཀར་དང་འདྲ་བའི་མི་རིགས་མི་འདྲ་བ་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་120ཡོད་པ་རེད།
སྤྱི་སྐད་སྦྱངས་ནས“སེམས་སྦྲེལ་ཟམ་པ”བསྐྲུན་པ།
ཐེངས་ཤིག་ཨར་ལས་རུ་ཁག་དང་འབྲེལ་བ་བྱེད་པའི་ཉམས་མྱོང་ལས་འགྱུར་མེད་ཚེ་དབང་གིས་སྤྱི་སྐད་ཡག་པོ་སྦྱོང་དགོས་པའི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ།
ས་བབ་མཐོ་ཚད་སྨི་4350ཡོད་པའི་རྒྱ་ལ་ཕུག་གྲོང་ཚོ་ནི་དཔེ་མཚོན་གྱི་མཐའ་མཚམས་གྲོང་ཚོ་ཞིག་ཡིན་པ་དང་ལོ་ལྟར་ཟླ་11པ་ནས་ཕྱི་ལོའི་བར་གངས་ཆེན་བབས་ནས་རི་རྒྱ་བསྡམས་ཀྱི་ཡོད། 2018ལོའི་ལོ་མཇུག་ཏུ་ལས་ཀར་ཞུགས་ནས་ལོ་གསུམ་སོང་བའི་འགྱུར་མེད་ཚེ་དབང་གིས་རང་འགུལ་ངང་ལ་རྒྱབ་ཤང་རྒྱ་ལ་ཕུག་གྲོང་ཚོར་ཧྲུའུ་ཅི་དང་པོའི་འགན་འཁུར་རྒྱུའི་རེ་ཞུ་བྱས།
དུད་ཚང་དུ་འདྲི་རྩད་ལ་སྐྱོད་སྐབས། གྲོང་མི་ཁག་གཅིག་གིས་ཁོང་ལ་གྲོང་ཚོའི་ཨར་ལས་རུ་ཁག་ལ་གྲང་འགོག་གྱོན་ཆས་དཀོན་པའི་སྐོར་བརྗོད། གྲོང་མི་ཚོས་སྤྱི་སྐད་མི་ཤེས་པ་དང་སྤེལ་རེས་བྱེད་ཐབས་བྲལ་བས་ཨར་ལས་རུ་ཁག་ནང་ཆམ་པ་ཕོག་མཁན་རིམ་བཞིན་མང་དུ་འགྲོ་བཞིན་ཡོད།
གནས་ཚུལ་ཤེས་རྟོགས་བྱུང་རྗེས་འགྱུར་མེད་ཚེ་དབང་གིས་འཕྲལ་མར་གྲོང་མིའི་ཚོགས་འདུ་འཚོགས་པ་སྟེ། གཅིག་ནས་གྲོང་མི་ཚོས་བཟོ་པར་གྲང་འགོག་གྱོན་ཆས་གྲབས་གསོག་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་། གཉིས་ནས་དོན་དག་དེ་བརྒྱུད་སྤྱི་སྐད་རྒྱག་དགོས་པའི་དྲིལ་བསྒྲགས་བྱས་པ་རེད།
སྤྱི་སྐད་སྦྱོང་རྒྱུའི་སྐོར་བཤད་མ་ཐག་གྲོང་མི་ཚོས་ལག་གཉིས་མཐོན་པོར་བཀྱགས་ནས་མོས་མཐུན་བྱས། རྒྱ་ལ་ཕུག་གྲོང་ཚོ་ཐག་རིང་ལུང་ཁུག་ཏུ་གནས་མོད། འོན་ཀྱང་ཚང་མས་རི་ཁུག་ནས་ཐོན་ཏེ་ཕྱིའི་འཇིག་རྟེན་ལ་ལྟ་བར་འགྲོ་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། “སྤྱི་སྐད་ཤེས་ན་ཀྲུང་གོའི་ས་ཆ་གང་དུ་ཕྱིན་ནའང་དཀའ་ངལ་གང་ཡང་མེད”ཅེས་གྲོང་མི་ཚེ་རིང་ནོར་བུས་འཛུམ་དམུལ་དམུལ་ངང་བཤད།
གྲོང་མི་ཚོར་སྤྱི་སྐད་སྦྱོང་སེམས་ཆེན་པོ་ཡོད་པ་མཐོང་སྐབས། འགྱུར་མེད་ཚེ་དབང་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོས་བསྡུར་བྱས་རྗེས“སྤྱི་སྐད་དང་བོད་སྐད་ཟུང་དུ་འབྲེལ་བའི”སློབ་ཁྲིད་བྱེད་སྟངས་སྤྱད་དེ་གྲོང་ཚོར“སྐད་གཉིས”སློབ་སྦྱོང་འཛིན་གྲྭ་ཞིག་བཙུགས་པ་རེད།
སྐད་བརྡ་འཕྲོད་ནས་སྤེལ་རེས་མང་དུ་སོང་བས་ཕན་ཚུན་དབར་གྱི་བརྩེ་བ་ཟབ་ཏུ་ཕྱིན་པ་དང་། ཚང་མས་རོགས་རམ་བྱེད་རེས་བྱས་པས་ཕན་ཚུན་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད།
ཁ་ཆད་བྱེད་ཐེངས་གཅིག་ལས་བརྩེ་སེམས་དངོས་མངོན་པ།
1993ལོ་ནས་བཟུང་། ལྷོ་བྲག་རྫོང་སློབ་འབྲིང་དུ་ལས་ཀ་བྱེད་བཞིན་པའི་བསོད་ནམས་ཟླ་བ་ནི་ད་ཆ་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་རེད། སློབ་གྲྭའི་ལོ་རྒྱུས་སྐོར་ལ་བསོད་ནམས་ཟླ་བས་རང་ཁྱིམ་གྱི་ནོར་བུ་བགྲང་བ་ལྟར་བྱེད་ཀྱི་ཡོད། དེའི་ནང་སྤོབས་སེམས་ཆེ་ཤོས་བྱེད་པ་ནི་མི་རིགས་ཁག་གི་དགེ་རྒན་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་གཞོལ་བའི་ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་སྤུ་ཙམ་ཡང་མི་གཏོང་བ་དེ་རེད།
ལྷོ་བྲག་རྫོང་སློབ་འབྲིང་དུ་ད་ཆ་དགེ་རྒན་53ཡོད་པའི་ནང་བོད་རིགས་དང་རྒྱ་རིགས་ཡོད་ལ། ཐུའུ་ཅ་རིགས་ཀྱི་དགེ་རྒན་གཅིག་ཀྱང་ཡོད་པ་རེད། 2011ལོར་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་བྱ་ཆེད། སློབ་གྲྭས་སློབ་གྲྭའི་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་ནས་དགུན་ཁའི་གུང་གསེང་གི་དུས་ཚོད་སྤྱད་དེ་ལྷོ་བྲག་རྫོང་ཁོངས་གཏོགས་ཀྱི་ཤང་དང་གྲོང་རྡལ་དུ་འཁྲབ་སྟོན་བྱས། རིག་རྩལ་རུ་ཁག་གིས་དགོད་བྲོའི་གཏམ་གླེང་དང་། འཁྲབ་ཚན་ཐུང་གྲས། གླུ་གར་སོགས་ཀྱི་འཁྲབ་སྟོན་བྱས་ནས་ཏང་གི་དམངས་ཕན་སྲིད་ཇུས་སོགས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་བརྒྱུད་སྤྲོད་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།
འཁྲབ་སྟོན་བྱེད་པའི་དུས་ཚོད་ནི་ལོ་ལྟར་གྱི་དགུན་ཁའི་གུང་གསེང་དང་ཏག་ཏག་འཁེལ་བས། རྒྱ་རིགས་དང་ཐུའུ་ཅ་རིགས་ཀྱི་དགེ་རྒན་ཚོ་ཕ་ཡུལ་དང་ཐག་རིང་བའི་གནད་དོན་ལ་བསམ་གཞིག་བྱས་ཏེ་བསོད་ནམས་ཟླ་བ་དང་སློབ་གྲྭའི་ཧྲུའུ་ཅི་གཞོན་པ་ངག་དབང་སྙན་གྲགས་ཀྱིས་རང་འགུལ་ངང་རུ་སྣེ་ཁྲིད་དེ་གཤམ་སྐྱོད་འཁྲབ་སྟོན་བྱེད་པའི་ལས་འགན་འཁུར་གྱི་ཡོད། བསོད་ནམས་ཟླ་བས“དགེ་རྒན་གཞན་དག་རྣམས་བློ་བདེའི་ངང་ཁྱིམ་དུ་ལོག་ནས་གཉེན་ཉེ་ཐུག་འཕྲད་བྱེད་པ་དེ་བོད་རིགས་དགེ་རྒན་གྱི་ཁ་ཆད་ཅིག་ཏུ་གྱུར་ཡོད”
སློབ་གྲྭའི་དགེ་རྒན་ཀོན་ཐེན་2003ལོར་སློབ་ཆེན་ཐོན་རྗེས་ལྷོ་བྲག་རྫོང་སློབ་འབྲིང་དུ་དགེ་རྒན་བྱེད་པར་སླེབས་ཡོད། སྐད་བརྡ་མི་འཕྲོད་པ་དང་། བཟའ་བཏུང་དང་གནམ་གཤིས་མི་འཕྲོད་པ་སོགས་ཀྱི་གནད་དོན་མང་དག་འཕྲད་ཀྱང་ཀོན་ཐེན་གྱིས་ཕྱིར་བཤོལ་གཏན་ནས་བྱས་མེད། “སློབ་གྲྭའི་མཛའ་གྲོགས་ཀྱི་རྣམ་པ་དང་དགེ་སློབ་ཚོའི་གཞུང་དྲང་བབ་ཆགས་ཀྱི་སེམས་བཟང་ལས་རང་ཉིད་ས་ཆ་འདི་ནས་ཁ་གཏན་ནས་འབྲལ་འདོད་མི་འདུག”ཅེས་བརྗོད།
འཆམ་མཐུན་བྱུང་ན་བྱ་བ་ལས་ཀྱིས་གྲུབ། མཐུན་སྒྲིལ་ལྡན་ན་སྟོབས་ཤུགས་ལས་ཀྱིས་བསྒྲིལ། ལྷོ་བྲག་རྫོང་དུ་ཁྱིམ་ཚང་ནས་སྡེ་ཁུལ་བར་དང་། སློབ་གྲྭ་ནས་དགོན་སྡེ་བར། ཤང་དང་གྲོང་རྡལ་ནས་ལས་ཁུངས་བར་བཅས་མི་རིགས་ཁག་དབར་ཕན་ཚུན་བརྩེ་བ་ཟབ་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཉིན་ལྟར་ཐོན་དང་ཐོན་མུས་སུ་མཆིས།