ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་2021ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། སྤུས་ཚད་ལེགས་སུ་དང་ཕན་འབྲས་བརྟན་པོའི་ངང་མཐོ་རུ་ཕྱིན་པ། ཁྲོམ་རའི་བྱེད་པོ་སྔོན་དཔག་བཞིན་ཡག་པོ་བཅས་བྱུང་ཡོད།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་926.05ཟིན་པ་དེ་དུས་མཚུངས་ལས་9.1%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་47.01ཟིན་པ་དེ་དུས་མཚུངས་ལས་2.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་336.94ཟིན་པ་དེ་དུས་མཚུངས་ལས་4.1%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་542.09ཟིན་པ་དེ་དུས་མཚུངས་ལས་13.0%འཕར་ཡོད།