སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ནས་ཐོན་ཏེ་སྡེ་དགེ་རྫོང་དུ་བསྐྱོད་སྐབས། ཀྱག་ཀྱོག་གི་ཁྲོན་བོད་གཞུང་ལམ་རྒྱུད་ནས་ནུབ་ངོས་སུ་རླངས་འཁོར་བསྡད་དེ་ཆུ་ཚོད་2ལྷག་ཙམ་བསྐྱོད་ཚེ། ཁྱེད་ཀྱི་མིག་ལམ་དུ་མངོན་པ་ནི་མུ་ལ་མུ་འབྲེལ་གྱི་རི་བོ་ངོ་མཚར་ཅན་དག་རེད།
ཁྲོ་ལ་རི་བོའི་རི་རྩེར་ས་བབ་མཐོ་ཚད་སྨི་6100ལྷག་ཙམ་ཡོད་ཅིང་། དེར“ཁྲོན་བོད་གཞུང་ལམ་གྱི་ཉེན་ཁ་ཆེ་ས་དང་པོ”ཞེས་འབོད་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་50པར་ཁྲོན་བོད་གཞུང་ལམ་བསྐྲུན་ཆེད། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་སྡེ་བཅོ་བརྒྱད་པའི(གཤམ་དུ“དམག་སྡེ་བཅོ་བརྒྱད་པ”ཞེས་བསྡུ་རྒྱུ)དཔོན་དམག་ཚོས་གངས་རི་14བཤངས་པ་དང་ཁྲོ་ལ་ནི་དེའི་གྲས་ཤིག་རེད། 2017ལོར་ཁྲོ་ལའི་ཕུག་ལམ་ལ་རླངས་འཁོར་ཤར་གཏོང་མ་ཐུབ་གོང་། ཁྲོ་ལ་བརྒལ་དགོས་ཚེ་རླངས་འཁོར་བསྡད་དེ་ཉེན་ཁ་ཆེ་བའི་རི་ལམ་མ་མཐར་ཡང་ཆུ་ཚོད་གཉིས་ལྷག་ཙམ་བསྐྱོད་དགོས་ཀྱི་ཡོད། “ཕུག་ལམ་ཤར་གཏོང་ཐུབ་རྗེས་སྐར་མ་བཅུ་ལྷག་ཙམ་གྱི་ནང་ཁྲོ་ལ་བརྒལ་ཐུབ་ཀྱི་ཡོད”ཅེས་སྡེ་དགེ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་དབྱང་པིང་གིས་བརྗོད།
ད་ཆ་ས་མཐོར“མཁའ་ལམ”ཤར་གཏོང་ཐུབ་ཡོད་ཅིང་། གྲངས་གཞི་ལས་མངོན་པར། ཁྲོ་ལའི་ཕུག་ལམ་ཡོད་སའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ། གྲོང་གསེབ་ཀྱི་གཞུང་ལམ་བཅས་ཚུད་པའི་གཞུང་ལམ་དྲ་བའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་3.2ལས་བརྒལ་ནས་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད། འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དེས་མི་སེར་གྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
ཁྲོན་བོད་འབྲེལ་མཚམས་ཀྱི་སྐམ་ཐོག་གྲོང་ཚོར་བཅར་འདྲིར་སྐྱོད་པ།
སྡེ་དགེ་རྫོང་ནས་མུ་མཐུད་ནུབ་ཕྱོགས་སུ་རླངས་འཁོར་བསྡད་དེ་སྐར་མ་40ལྷག་ཙམ་བསྐྱོད་ནས་རི་བོ་མང་པོ་བརྒལ་རྗེས་གཙང་པོ་ཆེན་པོ་ཞིག་ང་ཚོའི་མིག་ལམ་དུ་ལྷམ་མེར་འཆར་བྱུང་། སྐབས་དེ་དུས་སྣེ་ཤན་པའི་སྐད་ཆ་ལས་ཚང་མར་སྤྲོ་སྣང་རབ་ཏུ་འཕེལ་བ་སྟེ“བོད་ལྗོངས་སུ་སླེབས་གྲབས་འདུག”ཅེས་པ་དེ་རེད།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོ་ནི་འབྲི་ཆུའི་ངོགས་སུ་གནས་ཡོད། གནས་དེ་ནི་བོད་ལ་བཅིངས་འགྲོལ་བཏང་ནས་སྐར་ལྔའི་དར་དམར་ཐོག་མ་འཛུགས་ས་དེ་རེད། 1950ལོའི་ཟླ་10པར་དམག་སྡེ་བཅོ་བརྒྱད་པས་གནས་དེ་ནས་འབྲི་ཆུ་བརྒལ་བ་དང“སྐབས་དེ་དུས་བཅིངས་འགྲོལ་དམག་མིས་གྲོང་མི་ཚོར་འབྲས་སྤྲད་བྱུང་། དེ་ནི་ངའི་མི་ཚེའི་ནང་གི་འབྲས་ཟ་ཐེངས་དང་པོ་དེ་ཡིན”ཞེས་ལོ་80ལྷག་ཙམ་ལ་སླེབས་པའི་སྐམ་ཐོག་གྲོང་ཚོའི་གྲོང་མི་ཚེ་དབང་ཕུན་ཚོགས་ཀྱིས་བརྗོད་པ་དང་། ཁོང་གིས་ད་ཆ་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་ཕྱིན་པ་དང་། སྲན་མ་དང་ཞོག་ཁོག་སོགས་བཏབ་ནས་བཙོངས་ན་ཡོང་འབབ་མི་ཉུང་བ་ཞིག་འདུག་ལ་ཕྲུ་གུ་ཚོར་ཡང་ལས་ཀ་ཡག་པོ་ཞིག་རག་སོང”ཞེས་བརྗོད།
དེ་སྔ་བཀྲེས་ལྟོགས་ཀྱིས་མནར་བའི་སྐམ་ཐོག་གྲོང་ཚོ་ནི་ད་ཆ་རྣམ་པ་གསར་རྐྱང་ཞིག་ཏུ་འགྱུར་ཡོད་པ་སྟེ། 2018ལོར་གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་33ཚང་མ་དབུལ་སྒྲོལ་ཐུབ་པ་དང་། 2020ལོར་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཁྲི་1.2ལས་བརྒལ་བ་སོགས་སྐམ་ཐོག་གྲོང་ཚོའི་འགྱུར་ལྡོག་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་འགྱུར་ལྡོག་བྱུང་བའི་མཚོན་ཚུལ་ཞིག་རེད།
བདག་དབང་ཆུའི་ངོགས་ཀྱི“མཐུན་སྒྲིལ་ལྗོན་ཤིང”ལ་ལྟ་བ།
ཆབ་མདོ་གྲོང་ཁྱེར་ནས་ནུབ་ངོས་ཀྱི་སྤྱི་ལེ་300ཡི་སར་ཆགས་པའི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་ཤོ་པ་མདོ་གྲོང་ཚོ་ནི་ཁྲོན་བོད་གཞུང་ལམ་རྒྱུད་དུ་གནས་ཡོད། གསར་འགོད་པ་ལྷོ་རོང་རྫོང་གྲོང་ནས་རླངས་འཁོར་བསྡད་དེ་གནས་དེར་ཡོང་དོན་ནི་མཐུན་སྒྲིལ་ཐང་ཆེན་གྱི“མཐུན་སྒྲིལ་ལྗོན་ཤིང”གི་ཉམས་འགྱུར་ལ་ལྟ་ཆེད་ཡིན།
མཐུན་སྒྲིལ་ལྗོན་ཤིང་གི་སྡོང་རྐང་གཉིས་པོ་ནི། སྦྱར་པ་དང་རྒྱ་ལྕང་རེད། དེ་གཉིས་ཕན་ཚུན་གཅིག་ལ་གཅིག་རྟེན་ངང་འཚར་ལོངས་བྱུང་ནས། མི་རིགས་ཁག་མཐུན་སྒྲིལ་དམ་ཟབ་ཀྱི་བརྩེ་བ་ཟབ་མོ་མཚོན་ཡོད། ཤོ་པ་མདོ་གྲོང་རྡལ་གྱི་ཀྲེན་ཀྲང་ཝང་ཤའོ་ཝེ་ཡིས། གྲོང་རྡལ་དུ་ད་བར་མི་རིགས་ཁག་དབར་ལོ་མང་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་མ་ཉམས་རྒྱུན་འཛིན་བྱེད་བཞིན་ཡོད་པ་སྟེ། དཔེར་ན། སྐད་གྲགས་ཆོད་པའི“མཐུན་སྒྲིལ་བག་ལེབ”ནི་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་མར་དང་རྩམ་པ་དང་། རྒྱ་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོ་ཞིབ་སོགས་མཉམ་བསྲེས་བྱས་ནས་བཟོས་པ་ཞིག་རེད།
“ཕན་ཚུན་བརྩེ་སེམས་ཉ་ཆུ་ལྟར་དུ་ཟབ”ཅེས་པ་དེ་ནི་བོད་རིགས་ཚང་མས་ཤེས་པའི་གཏམ་དཔེ་ཞིག་རེད། ཤོ་པ་མདོ་གྲོང་ཚོའི་ཉེ་འགྲམ་གྱི་བདག་དབང་ཆུའི་ངོགས་སུ་སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པ་བཅའ་སྡོད་བྱེད་རིང་བཏབ་པའི་རྒྱ་ལྕང་བརྒྱ་ཙམ་སྔར་བཞིན་ཡལ་འདབ་རྒྱས་བཞིན་ཡོད། ཉི་འོད་འོག་རླུང་བུའི་ལྡང་ཕྱོགས་ནས་ལོ་མ་ལྷབ་ལྷུབ་ཏུ་གཡོ་བ་ནི་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་ལེན་པ་དང་གཉིས་སུ་མ་མཆིས།
མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལེའང་ཁྲང་ཅེ་དང་། ཝུའུ་ཏན། སུང་ཧའོ་ཤིན། ཀོ་མོང་ཁྲའོ།