དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་བས་མཚར་སྡུག་ལྡན་པར་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-07-30

    ཟླ་7ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་ངོ་འཕྲད་ཚོགས་འདུ་འཚོགས་པ་དང་། མི་རིགས་ལས་དོན་ཁྱབ་ཁོངས་ཀྱི་ཏང་ཡོན་གྱི་འཐུས་མི་6གིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་ངོ་འཕྲད་སྤེལ་རེས་བྱས་ནས་ལས་ཀའི་ཉམས་མྱོང་དང་མྱོང་ཚོར་ལྷུག་པོར་གླེང་བ་རེད།

    ནང་སོག་རང་སྐྱོང་ལྗོངས་ཁྲེ་ཧྥུང་གྲོང་ཁྱེར་ཨའོ་ཧན་ཆི་ཨའོ་རུན་སུའུ་མུའོ་སུའུ་མུའུ་དེ་ཁེར་ཆིན་བྱེ་ཐང་ལྷོ་རྒྱུད་དུ་གནས་པ་དང་དེ་ནི་སོག་རིགས་དང་། རྒྱ་རིགས། མན་ཇུ་རིགས། ཏ་ཝོར་རིགས་སོགས་མི་རིགས་ཐུན་མོང་འཚོ་སྡོད་བྱེད་པའི་མི་རིགས་མང་བའི་འདུས་སྡོད་ཁུལ་ཞིག་རེད། ཨའོ་རུན་སུའུ་མུའོ་སུའུ་མུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་པའོ་ཡ་ལིས་འདིར་ལས་ཀ་ལོ་28བྱས་པ་དང་། ལོ་མང་རིང་ཁོང་གིས་སུའུ་མུའུ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་པ་དང་ནོར་ལུག་གི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། མི་རེར་ཆ་སྙོམས་བ་གླང་མགོ་གྲངས་3དང་ལུག་མགོ་གྲངས་10ཡི་རྩྭ་ཕྱུགས་དོ་སྙོམས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་བ་མ་ཟད། གཞུང་ལམ་གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་པ་དང་། ཚོགས་ཆུང་ཚང་མར་ཤར་གཏོང་ཐུབ་པ། དུད་ཚང་ཚང་མར་ཤར་གཏོང་ཐུབ་པ་བཅས་བྱུང་བའི་ཁར། ད་དུང་རིམ་རྩིས་བྱས་ན་ནགས་བཟོ་མུའུ་ཁྲི་23.6ལེགས་གྲུབ་ཟིན་ནས་ས་གནས་དེ་གར་སྔོ་ཁེབས་ཁྱབ་ཚད་47%ཟིན་ཡོད་པ་རེད།

    “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་མི་རིགས་ཁག་དང་ས་ཁུལ་ཁག་འཕེལ་རྒྱས་གཏོང་བའི་སྔོན་འགྲོ་ཡིན་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྨང་གཞི་ཞིག་ཀྱང་ཡིན” “མི་རིགས་ཁག་གི་མང་ཚོགས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་ལས་བྱེད་པ་དང་། ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་ཚེ་གཞི་ནས་མང་ཚོགས་ཀྱི་བྱ་བ་ཡག་པོ་སྒྲུབ་ཐུབ་པ་དང་། ཉེ་འགྲམ་གྱི་བྱ་བ་ཡག་པོ་སྒྲུབ་ཐུབ་པ། ས་ཁུལ་འཕེལ་རྒྱས་གཏོང་ཐུབ”ཅེས་པའོ་ཡ་ལི་ཡིས་བཤད།

    ཕྱོགས་གསུམ་རི་བོས་བསྐོར་བ་དང་། གཙང་པོ་མེད་ལ་ཆུ་མཛོད་མེད་པའི་ཁར། གྲོང་ཚོའི་ནང་ཆུ་ཞིང་མུའུ་གཅིག་ཀྱང་མེད་པས། འཐུང་ཆུ་སྤྱི་ལེ་4ཡི་སའི་གཙང་པོ་ནས་ལེན་པར་འགྲོ་དགོས་ཀྱི་ཡོད། འདི་ནི་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་ཝུའུ་མིང་ཆུས་ཁྲེང་ཤང་གྲོང་རྡལ་ཕིང་ཏེང་གྲོང་ཚོའི་དེ་སྔའི་རྣམ་པ་ཡིན། ཕིང་ཏེང་གྲོང་ཚོའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕན་ཆིང་པེའོ་ཡི་སྣེ་ཁྲིད་འོག་གྲོང་ཚོ་དེའི་ཞིང་པར་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་2005ལོའི་སྒོར་3650ནས་2020ལོའི་སྒོར་12800བར་འཕར་ཏེ་ད་ཆ“གསུམ་མེད”དང“གསུམ་རྟེན”གྲོང་ཚོ་དེ་ད་ཆ་ཐོན་ལས་དར་རྒྱས་དང་གྲོང་མི་བདེ་སྡོད་ཀྱི་གྲོང་གསེབ་གསར་པར་འགྱུར་ནས་འཕོ་འགྱུར་ཆེན་པོ་བྱུང་ཡོད།

    “ང་ཚོ་དང་འདྲ་བའི་གྲོང་ཚོ་ས་གནས་དེ་གར་ད་དུང་ཧ་ཅང་མང་པོ་ཡོད་ལ། ང་ཚོ་ལྟ་བུའི་གུང་ཁྲན་ཏང་ཡོན་གྱིས་ཀྱང་གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་ནུས་པ་བཏོན་མཁན་ད་དུང་མང་པོ་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཚེ་ང་ཚོའི་གྲོང་གསེབ་སྔར་བས་ཕྱུག་པོ་དང་། སྔར་བས་མཛེས་སྡུག་ལྡན་པ། སྔར་བས་སྡོད་མལ་དང་འཚམ་པ་བཅས་དང་མི་དམངས་ཀྱི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ཐུབ”ཅེས་ཕན་ཆིང་པེའོ་ཡིས་བཤད།

    ཏང་ལོ་20ལོན་པའི་ཀྲའོ་ཅ་ཆིང་ནི་ཡུན་ནན་ཞིང་ཆེན་ཐེང་ཁྲུང་གྲོང་ཁྱེར་ཆིང་ཧྲུའེ་ཤང་གཞི་རིམ་གྱི་80ནང་སྐྱེས་ཀྱི་དབའ་རིགས་ལས་བྱེད་པ་ཞིག་རེད། ཁོང་གནས་སའི་སན་ཅ་གྲོང་ཚོ་ནི་དབའ་རིགས་མང་ཚོགས་འདུས་སྡོད་གྲོང་ཚོ་ཞིག་རེད། ཁོང་གིས་གྲོང་ཚོ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པར་སྣེ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་ཚང་མས་དཀའ་སྤྱད་འབད་འཐབ་ཀྱིས་དབུལ་སྐྱོར་བདེ་སྡོད་དང་གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་འདུ་འགོད་སྔ་རྗེས་སུ་ལེགས་སྒྲུབ་བྱས་པ་དང“ཏང་ཀྲི་པུའུ་དང་མཉམ་ལས་ཁང་ཟུང་དུ་འབྲེལ་བའི”རྣམ་པ་འཚོལ་ཞིབ་བྱས་པ་བརྒྱུད་མང་ཚོགས་མཐུན་སྒྲིལ་ཐུབ་པ་དང་། ཐོན་ལས་གསོག་འཇོག་ཐུབ་པ། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཐུབ་པ་བཅས་བྱུང་བས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་ནུས་པ་ཆེ་རུ་ཕྱིན་ཡོད་ལ་གྲོང་ཚོ་སྟོབས་ཆེར་དང་མང་ཚོགས་ཕྱུག་འགྱུར་ཡང་བྱུང་ཡོད། “སླད་ཕྱིན་ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་སྦྲེལ་མཐུད་ནུས་ལྡན་བྱས་ནས་གྲོང་མི་ཚོ་དེ་བས་འབྱོར་ཕྱུག་དང་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་ཡིན”ཞེས་ཀྲའོ་ཅ་ཆིང་གིས་བཤད།

    བེའུ་མགོ་གྲངས་120ཞལ་འདེབས་བརྒྱབ་ནས་དུད་ཚང་དབུལ་པོ་60ལ་གསོ་ཚགས་ལས་རིགས་འཕེལ་རྒྱས་བཏང་སྟེ་ཁོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རོགས་བྱས་པ་མ་ཟད། ལག་རྩལ་ཚོགས་པའི་སྣེ་ཁྲིད་དེ་ཞིང་དུད་ལ་གསོ་ཚགས་བྱེད་རོགས་བྱས་ནས་ཁོང་ཚོར་འབྲོག་རའི་ལག་རྩལ་ཉམས་མྱོང་བརྒྱུད་ཁྲིད་ཀྱང་བྱས་ཡོད། ཉིང་ཞ་ཧའོ་ཁའེ་ཞིང་འབྲོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཏིང་ཤིའུ་ཆིན་ནི་ཁེ་ལས་མཁས་ཅན་ཞིག་རེད་ལ་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཀྱང་རེད། “ངའི་ཁེ་ལས་ད་ལྟའི་གཞི་ཁྱོན་དུ་འཕེལ་རྒྱས་བྱུང་བ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་རོགས་རམ་དང་ཁ་འབྲལ་ཐབས་མེད། ཏང་ཡོན་ཞིག་ཡིན་པའི་ངོས་ནས་རང་ཉིད་གཅིག་པུ་ཕྱུག་པོར་གྱུར་ན་ཕྱུག་པོ་མིན་པ་དང་། ཚང་མ་ཕྱུག་པོར་གྱུར་ཚེ་གཞི་ནས་ཕྱུག་པོ་ཡིན་པ་གསལ་པོར་ཤེས་ཀྱི་ཡོད”ཅེས་ཏིང་ཤིའུ་ཆིན་གྱིས་བཤད།

    ཟླ་7ཚེས་21ནས་23ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་ནས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། དེ་ལས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དར་དམར་གྲོང་ཚོའི་དེ་སྔའི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། 1979ལོར་ལོ་17ལ་སླེབས་པའི་སྐལ་བཟང་སྒྲོལ་དཀར་དར་དམར་གྲོང་ཚོར་ལས་ཀ་བྱས་ནས་ད་བར་ལོ་40ལྷག་ཙམ་སོང་ཡོད། ཁོང་སྡོད་སའི་གྲོང་ཚོ་དེ་དེ་སྔ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན་པ་དང་། ད་ཆ་མང་ཚོགས་ཀྱི་ཁྱིམ་ཚང་འབྱོར་ཕྱུག་དང་། གྲོང་པ་ཁྱིམ་མཚེས་དབར་འཆམ་མཐུན། གྲོང་ཚོ་ཡོངས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་བདེ་སྐྱིད་ལྡན་པའི་གྲོང་ཚོར་གྱུར་ཡོད། སྡོད་ཁང་རྒྱ་ཆེ་བ་དང་། སྣུམ་ནག་གཞུང་ལམ་ཡང་ཁྱིམ་གྱི་སྒོ་འགྲམ་དུ་ཤར་གཏོང་ཐུབ་པ། སློབ་གྲྭ་དང་སྨན་ཁང་ཉེ་འགྲམ་དུ་ཡོད་པ། མི་སེར་ཚོ་དབུལ་སྒྲོལ་བྱུང་བ་མ་ཟད། འཚོ་བའི་ཆུ་ཚད་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད།

    “འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་ཡིན་ལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཀྱང་ཡིན་པས་དངོས་གནས་བཀྲ་ཤིས་ཉིས་བརྩེགས་ཀྱི་ལོ་ཞིག་རེད” ང་ཚོའི་གྲོང་ཚོའི་མིང་ལ་དར་དམར་ཟེར་བས་གྲོང་མི་ཚོའི་ཐུན་མོང་གི་འདོད་འདུན་ནི་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲང་རྒྱུ་དེ་ཡིན། “ཏང་ཡོན་ཞིག་ཡིན་པའི་ངས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། སླད་ཕྱིན་ང་ཚོའི་དར་དམར་གྲོང་ཚོ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་ནས་ང་ཚོའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་བས་མཚར་སྡུག་ལྡན་པ་ཞིག་བྱེད་རྒྱུ་ཡིན”ཞེས་སྐལ་བཟང་སྒྲོལ་དཀར་གྱིས་བརྗོད།

    “ཤིན་ཅང་དུ་ངག་རྒྱུན་ཞིག་ཡོད་པ་ནི‘ཐེན་ཧྲན་རི་བོའི་གསོམ་སྡོང་གི་རྩ་བ་མི་རིགས་ཁག་གི་མི་དམངས་དང་གཅིག་ཏུ་འབྲེལ’ཞེས་པ་དེ་ཡིན། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན”ཞེས་ཏང་ལོ་25ལ་སླེབས་པའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཨ་ཁེ་སུའུ་ས་ཁུལ་ཨ་ཝ་ཐི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཝུའུ་པུའུ་ལི་ཁ་སི་མུའུ·མའེ་ཐུའུ་སུང་གིས་བཤད། ཁོང་གི་སྣེ་ཁྲིད་འོག་རྫོང་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པ་4786གིས་མི་རིགས་ཁག་གི་མང་ཚོགས་15292དང་ཆ་སྒྲིག་གཉེན་འཚོལ་བྱས་ཏེ་རྟག་ཏུ་འགྲོ་འོང་བྱེད་པ་དང་། ཕན་ཚུན་རོགས་རམ་བྱེད་པ། ཕན་ཚུན་སློབ་སྦྱོང་བྱེད་པ་བཅས་བྱས་པར་བརྟེན་ཐུན་མོང་གི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཤེས་རྟོགས་གཏིང་ཟབ་བྱུང་བ་དང་བརྩེ་དུང་ཟབ་ཏུ་ཕྱིན་ཡོད།

    “རང་ཉིད་ལའང་ཆ་སྒྲིག་གཉེན་འཚོལ་དུད་ཚང་ཞིག་ཡོད་པ་དེའི་མིང་ལ་པེན་ཧྥུའུ་ཚའེ་ཟེར་གྱི་ཡོད། ང་ཚོ་ཆ་སྒྲིག་གཉེན་འཚོལ་བྱས་ནས་ལོ་17སོང་ཞིང་། རྟག་ཏུ་འབྲེལ་བ་དང་འགྲོ་འོང་བྱེད་ཀྱི་ཡོད། ང་ཚོ་ཁྱིམ་ཚང་གཉིས་ལོ་ལྟར་ལོ་གསར་མཉམ་དུ་གཏོང་བ་དང་། ཕྲུ་གུ་ཚོ་ཡང་སློབ་གྲྭ་གཅིག་ཡིན་པས་མཉམ་དུ་སློབ་གྲྭར་འགྲོ་བ་དང་སློབ་གྲྭ་གྲོལ་རྗེས་མཉམ་དུ་རྩེད་མོ་རྩེ་བ་དང་མཉམ་དུ་སྦྱོང་ཚན་འབྲི་ཡི་ཡོད། ང་ཚོའི་མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་དེ་མི་རབས་ནས་མི་རབས་བར་དེ་ལྟར་རྒྱུན་འཛིན་བྱེད་ཀྱི་ཡོད”ཅེས་ཝུའུ་པུའུ་ལི་ཁ་སི་མུའུ·མའེ་ཐུའུ་སུང་གིས་གད་མོ་དགོད་བཞིན་བཤད།

    ཏང་ཡོན་གྱི་འཐུས་མི་6གིས། ཀྲུང་གོ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་དང་ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན། མི་རིགས་ལས་དོན་ཁྱབ་ཁོངས་ཀྱི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་འབད་འཐབ་དང་ལེགས་སྐྱེས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བླ་ན་མེད་པའི་འགན་འཁྲི་ལག་ལེན་བསྟར་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་འོག་མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བླ་ན་མེད་པའི་གཟི་བརྗིད་མཉམ་སྤྱོད་ཐུབ་ངེས་ཡིན་པར་ཚང་མས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ཅེས་བརྗོད།  (མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལི་ཁྲང་ཡུས)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།