བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་སྟེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཚོར་ཐུབ་པ་གནང་ཡོད། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་བོད་དུ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུས་གནང་བ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པས། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། འདི་ནི་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་བཀྲ་ཤིས་དོན་ཆེན་ཞིག་ཡིན་པས་གངས་ལྗོངས་བུ་ཕྲུག་ཚོར་དྲོ་སྐྱིད་ཟབ་མོ་ཚོར་བ་དང་སེམས་འགུལ་ཚད་མེད་དང་སྐུལ་ལྕག་ཆེན་པོ་ཐེབས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དོན་དངོས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་ཞིབ་འཇུག་གཏིང་ཟབ་གནང་སྟེ། ཐབས་ཇུས་བཀོད་ཇུས་གལ་ཆེན་རབ་དང་རིམ་པ་གནང་ནས་གངས་ལྗོངས་ས་མཐོར་འབྱུང་འགྱུར་ལ་ཕྱོགས་པའི་བརྗིད་ཆེའི་འཆར་གཞི་བཀོད་དེ་བོད་ཀྱི་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ན་ནིང་ཟླ་བརྒྱད་པར། སླར་ཡང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་གནང་བ་དང་ཆབས་ཅིག“འགན་ལེན་བཞི”བསྒྲུབས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མངགས་བཅོལ་བློ་ལ་འཆང་བ་དང་། བཀའ་དྲིན་བསམ་བཞིན་མདུན་དུ་སྐྱོད་པ། འབད་འབུངས་ཡར་བརྩོན། སྙིང་རུས་ཆེན་པོས་ལས་དོན་སྒྲུབ་པ་བཅས་བྱས་ཏེ་དམངས་ཕྱུག་བོད་དར་གྱི་བྱ་གཞག་ཁག་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་ཐོབ་པ་དང་འཕེལ་རིམ་གསར་པ་བྱུང་ནས། མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད།
བྱམས་བརྩེའི་ཐུགས་ཁུར་གྱིས་མི་སེམས་དྲོས། མངགས་བཅོལ་ཟབ་མོས་ཡར་རྒྱས་འགྲོ་བར་སྐུལ་མ་བཏང་། བོད་དུ་རྟོག་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་ཉིང་ཁྲི་དང་ལྷ་ས་སོགས་སུ་ཕེབས་ཏེ་གྲོང་གསེབ་དང་། གྲོང་ཁྱེར་གྱི་སྤྱི་གླིང་། ལྕགས་ལམ་གྱི་ལྟེ་གནས། དགོན་སྡེ། རིག་གནས་ཁྲོམ་གཞུང་སོགས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་ནས་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་ཇུས་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བཅས་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་འཐོབ་པར་སྐུལ་འདེད་གཏོང་བ་དང་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་རིང་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་བོད་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་དང་བླང་བྱ་ཁ་གསལ་བཏོན་གནང་བ་དང་། ལྷག་པར་དུ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་། མཐོ་གཟིགས་འོག་བསྐྱངས། དགོངས་དོན་ཟབ་པ། མཁྱེན་རྒྱ་ཡངས་པ་བཅས་ཡོད། དེ་ནི་བོད་ཀྱི་མིག་སྔ་དང་སླད་ཕྱིན་འཕེལ་རྒྱས་ཀྱི་སྤྱིའི་གཞི་འཛིན་ས་དང་། སྤྱིའི་རྩ་འཛིན། སྤྱིའི་ཕྱོགས་སྟོན་བཅས་ཀྱང་རེད། དེ་ལས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་པ་དང་། བོད་ཀྱི་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་དང་དམིགས་བསལ་ཐུགས་ཁུར་གནང་ལུགས་མངོན་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་ཆེན་པོ་དང་ལྕག་སྐུལ་ཧ་ཅང་ཆེན་པོ་གནང་བ་ཞིག་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་གོ་སྐབས་དང་། སྒུལ་ཤུགས། ཁ་ཕྱོགས་བཅས་སུ་བརྩི་བ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་རྟོག་ཞིབ་གནང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པར་གོ་བ་གཏིང་ཟབ་ལོན་པ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་གནང་བའི་ཐུགས་ཁུར་ཟབ་མོ་གཏིང་ཟབ་ཚོར་བ། ལག་བསྟར་དོན་འཁྱོལ་གྱི་འགན་འཁྲི་དང་ལས་འགན་སྒྲུབ་སེམས་དང་རང་རྟོགས་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་དགའ་གཅེས་ཆབ་སྲིད་ཀྱི་སྒུལ་ཤུགས་དང་། བསམ་པའི་སྒུལ་ཤུགས། ལས་ཀའི་སྒུལ་ཤུགས་བཅས་སུ་སྒྱུར་བ། སྤྱི་ཁྱབ་ཧྲུའུ་ཅིར་བཀའ་དྲིན་འཇལ་བའི་སེམས་པ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ལ་སྒྱུར་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བོད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།
སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་གནང་བའི་ཐུགས་ཁུར་དང་བོད་ཀྱི་མི་དམངས་ལ་གནང་བའི་དམིགས་བསལ་བྱམས་སྐྱོང་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བའི་སྐོར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར། དམངས་འཚོ་ལེགས་བཅོས་དང་འགན་ལེན་བྱེད་པའི་སྐོར། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སྐོར། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པའི་སྐོར། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་སྐོར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་ཏན་བསྟར་བའི་སྐོར། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་བྱེད་པར་ཧ་ཅང་ཐུགས་ཁུར་གནང་བའི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་སྐོར་བཅས་ལ་གོ་བ་གཏིང་ཟབ་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱེད་པ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་དང་ཕུགས་ཀྱི་འཐབ་ཇུས་ལས་འགན་ལ་བརྩིས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཟུང་འབྲེལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དང་ཟུང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ཁག་ལ་བཏོན་གནང་བའི་བླང་བྱ་གལ་ཆེན་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ། སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ། སློབ་གསོ་གསོ་སྦྱོང་གི་ཕྱོགས་ཁག་ལ་ཁྱབ་པ། དྲིལ་བསྒྲགས་སྒྲོག་འགྲེལ། རྣམ་པ་ཟབ་མོ་གཏོད་པ་བཅས་ལ་འབད་བརྩོན། ལས་འགན་རེ་རེ་བྱས་ནས་ཞིབ་ཚགས་སུ་གཏོང་བ། འགན་འཁྲི་རེ་རེ་བཞིན་ལ་ཤུགས་སྣོན། དོན་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་མང་ཚོགས་ཚང་མས་ཤེས་རྟོགས་དང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བོད་ཀྱི་ས་གཞི་ཆེན་པོ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བོད་དུ་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་པར་བྱེད་དགོས།