སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དང་བོད་ཀྱི་ཡུལ་མི་སྤུན་ཟླ་རྣམས་ཐུགས་སུ་བཅངས་ཡོད་པ། རྟོག་ཞིབ་གནང་རིང་གི་གནས་ཚུལ་ལས་གསལ་པོར་རྟོགས་ཐུབ། “གངས་ལྗོངས་ས་མཐོའི་མཛེས་ཤིང་ལྟ་ན་སྡུག་ལ་བརྗིད་ཆགས་ཡིད་དུ་འོང་བའི་མཛེས་ལྗོངས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གསར་པ་མཐོང་བྱུང་བས་དགའ་ཚོར་ཆེན་པོ་བྱུང”
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་བར་ཕེབས་པས། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་དྲོ་སྐྱིད་ཟབ་མོ་ཚོར་བ་དང་སེམས་འགུལ་ཚད་མེད་དང་སྐུལ་ལྕག་ཆེན་པོ་ཐེབས་ཡོད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་རྟོག་ཞིབ་གནང་རིང་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ“ཚང་དགོས་པ་གསུམ་དང་ཕན་པ་གཅིག”མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། ཆ་ཚང་བ་དང་། གནད་ལ་འཕིགས་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས། ལེགས་ཆ་འདོན་སྤེལ་དང་ཞན་ཆ་སེལ་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། རང་སོ་སོའི་གཙོ་འགན་གཙོ་ལས་ལ་དམིགས་པ། བློ་ཁ་གཅིག་མཐུན་གྱིས་རྒྱུན་མཐུད་འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ་བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་ཡིན་ཞེས་བརྗོད།
ཚེས་24ཉིན། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ཏང་ཙུའི་རྒྱ་ཆེའི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཤིང་། ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཐེན་ཀོང་ཧྭ་ཡིས“ང་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་དང་དམ་འཛིན་ཏན་ཏིག་བཅས་བྱེད་པ་དང་། ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་སྒྱུར་བཅོས་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་པ། བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་སྟངས་འཛིན་ཡང་དག་བྱེད་པ། ཏང་གཤིས་བློ་སྦྱོང་དང་ཞུན་བརྡར་ཐད་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་ཐད་བྱ་སྤྱོད་ཧུར་ཐག་སྤེལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱ་སྤྱོད་ཧུར་ཐག་སྤེལ་བ་བཅས་བྱ་རྒྱུ་ཡིན། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་ནུས་རྒྱུ་གཙང་མ་མགྱོགས་མྱུར་གསར་སྤེལ་ལ་དམ་འཛིན་ཏན་ཏིག་བྱེད་པ་གོ་སྐབས་སུ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དབར་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གལ་ཆེན་ཁག་གཅིག་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་ལམ་དེ་བས་རིང་བ་དང་བདེ་སྐྱིད་ལམ་དེ་བས་ཡངས་པ་ཡོང་བར་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་བྱེད་ཀྱི་ཡིན”ཞེས་བརྗོད།
ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཤག་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀའོ་ཧྲེ་ཀྲུང་གིས“གཞི་རིམ་གྱི་ལས་བྱེད་པ་ཞིག་གི་ངོས་ནས། ངས་ཤང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དཀའ་སྒྲུབ་དངོས་སྒྲུབ་ཀྱིས་ཐོན་ལས་འབབ་འཕར་གྱི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ནས་ཤང་གི་མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན། འདི་ལོ་ཚུན་དུ་ཤང་ཡོངས་ཀྱི་འབྲོག་ལས་མཉམ་ལས་ཁང་གི་ཁེ་སྤོགས་སྒོར་ཁྲི་227.52ཟིན་པ་དང་། ངལ་ནུས་ལྷག་མ་མི་590ལས་ཞུགས་གཞན་སྒྱུར་བྱས་པའི་ངལ་ནུས་ཡོང་འབབ་སྒོར་ཁྲི་503.32ཟིན་པའི་ཁར་སྐྱེ་ཁམས་སྲུང་སྐྱོང་སྲིད་ཇུས་ཀྱི་ཁེ་སྤོགས་བསྡོམས་ན་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་9360ཟིན་པ་དེ་ལོ་གོང་མ་ལས་46.58%འཕར་ནས་འཚོ་བའི་ཆུ་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད”ཅེས་བརྗོད།
གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་འཕྲལ་མ་ཉིད་དུ་སློབ་སྦྱོང་བྱས་ཤིང་། པ་སངས་དང་། ཧོང་ཧུང་མེ། པ་དོན། ཐེན་ཆི་ཧྥ་སོགས་ལས་བྱེད་པས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཞིག་གི་ངོས་ནས། ང་ཚོས“མི་དམངས”ཞེས་པའི་ཡིག་འབྲུ་གཉིས་པོ་ཐོག་མཐའ་བར་གསུམ་དུ་བློར་བརྟན་པོར་ངེས་ནས“མི་སེར་ལྟེ་བར་བྱེད་པའི”དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་དོན་གཙོ་བོར་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་ལས་ཀའི་གཙོ་གནད་དུ་བརྩི་བ། དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱེད་པ། མ་དངུལ་དེ་བས་མང་བ་དམངས་འཚོའི་ཁྱབ་ཁོངས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་དམངས་འཚོའི་ཞན་ཆ་སེལ་བ་བཅས་ཀྱིས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་བོད་ཀྱི་དོན་དངོས་དང་མཐུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཏན་ཏིག་བསྐྱོད་དེ་རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སྣང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
ཞི་བས་བཅིངས་འགྲོལ་བཏང་ཚུན། བོད་ཀྱིས་གཞུང་ལམ་དང་། ལྕགས་ལམ། མཁའ་ལམ། མདོང་ལམ་སོགས་སྐྱེལ་འདྲེན་སྣ་ཚོགས་ཚུད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་རིམ་བཞིན་བསྐྲུན་ཡོད། ད་ཆ་བོད་ཀྱི་སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.88ཟིན་ཞིང་། ཤང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་94%དང་76%ཟིན་ཡོད། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་ཟླ་བ་དངོས་གྲུབ་ཀྱིས“འདི་ལོའི་ལོ་མཇུག་གོང་། ང་ཚོས་ལྗོངས་ཡོངས་ཀྱི་སྒྲིག་གཞི་ཚང་བའི་གྲོང་ཚོ་55ལ་སྣུམ་ནག་ལམ་འདིང་བའི‘མཐའ་མའི་འགག་གནད’ཐག་གཅོད་བྱེད་རྩིས་ཡོད། ‘ལོ་ལྔ་ཚན་བཅུ་བཞི་པའི’རིང་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་100%དང་སྒྲིག་གཞི་ཚང་བའི་གྲོང་ཚོ་88%ལ་སྣུམ་ནག་ལམ་བཏིང་ནས་ཤང་དང་གྲོང་རྡལ་དང་སྒྲིག་གཞི་ཚང་བའི་གྲོང་ཚོ་དེ་བས་མང་བར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པར་བྱས་ཏེ་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན”ཞེས་བརྗོད།
ཧྭ་གློག་བོད་ལྗོངས་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལག་བསྟར་ཏུང་ཧྲི་ཅང་ཞའོ་མིང་གིས“རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་མགྱོགས་མྱུར་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལས་ང་ཚོ་ཧྭ་གློག་བར་སེམས་འགུལ་ཟབ་མོ་ཐེབས་བྱུང་། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ་ཧྭ་གློག་ཀྱིས་བོད་དུ་སྐྲུན་བཞིན་པའི་ནང་མཁོ་ཆེ་ཤོས་ཀྱི་ཆུ་གློག་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་འཕྲུལ་ཚན་གཉིས་ནས་སྔ་རྗེས་སུ་འདི་ལོའི་ཟླ་5པ་དང་ཟླ་7པར་གློག་བཏང་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དྭངས་གཙང་གི་གློག་ནུས་མཁོ་འདོན་བྱས་ཡོད། ཧྭ་གློག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་མཛུབ་སྟོན་དུ་བྱས་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམིགས་པ། བོད་ཀྱི་ཆུ་གློག་དང་རླུང་གློག་སོགས་ནུས་རྒྱུ་གཙང་མ་གསར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གཙོ་གནད་ས་ཁོངས་སུ་ཆུ་དང་། རླུང་། འོད་བཅས་ཀྱི་ནུས་པ་གསབ་རེས་ཀྱི་གཞི་གཅིག་ཅན་གྱི་རྟེན་གཞི་སྐྲུན་པ་དང་ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་རིང་སྐྱེ་ཁམས་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་སྲ་བརྟན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་དུ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་མགྱོགས་མྱུར་སྐྲུན་པ་དང་། རང་རྒྱལ་གྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱེད་རིང་གློག་ཤུགས་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་ཏན་ཏིག་འཁུར་གྱི་ཡིན”ཞེས་སེམས་འགུལ་ཐེབས་བཞིན་དུ་བརྗོད།
ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལ(སྣེའུ་ཁུལ་གསར)དྲིལ་བསྒྲགས་སློབ་གསོ་གཞུང་ལས་ཁང་གི་ལས་དོན་པ་ཐན་ཀྲེན་ལིན་གྱིས“སྣེའུ་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལས་བྱུང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅིས་ད་ཐེངས་བོད་དུ་རྟོག་ཞིབ་གནང་སྐབས་བོད་ཀྱི་འཕེལ་རྒྱས་ལ་མངགས་བཅོལ་ཟབ་མོ་གནང་བས་ངར་ལྕག་སྐུལ་ཟབ་མོ་ཐེབས་བྱུང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་འབད་འབུངས་སྟོབས་བརྩོན་དང་དམ་པ་དོན་གཉེར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོར་གྱུར་པར་བྱས་ཏེ་ཁུལ་གསར་གྱི་མགྱོགས་མྱུར་འཛུགས་སྐྲུན་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བརྗོད་པ་རེད།