འདི་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ།
ཟླ་7ཚེས་21ནས་23ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བོད་དུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། འདི་ནི་ཚེས་22ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྟོག་ཞིབ་གནང་སྐབས་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་བཞིན་པ།
བགྲང་བྱ་བཅུའི་རྗེས་ཉིན་མོ་གཅིག་ལ་ཏག་ཏག་འཁེལ་བ་སྟེ། ཟླ་7ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་པ་དང་དེ་ནས་ཉིང་ཁྲིར་ཕེབས།
2011ལོའི་ཟླ་7པར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས། སྐབས་དེ་དུས་ལྷ་ས་ནས་ཉིང་ཁྲི་དང་དེ་ནས་གཞིས་རྩེར་ཕེབས་ཤིང་། རི་བོ་མཐོ་ཞིང་ལམ་ཐག་རིང་བས་ཕེབས་ལམ་དུ་ཚོར་སྣང་ཟབ་མོ་མང་པོ་བྱུང་ཡོད།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་སུ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ནས་ཡུན་རིང་མ་སོང་བར་སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་འདི་གར་ཕེབས།
ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཆ་མང་པོ་ཞིག་ལ་ཕེབས་གང་ཐུབ་དང་། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་འབྲེལ་གཏུག་གང་མང་གནང་། ཉིང་ཁྲི་ནས་ལྷ་ས་བར་རྒྱུན་ཆད་རྒྱུ་མེད་པའི“བཀྲ་ཤིས་བདེ་ལེགས”ཞེས་པའི་འཚམས་འདྲི་ཞུ་བའི་སྒྲ་དང་། གླུ་ལེན་གར་འཁྲབ་བྱེད་བཞིན་པའི་མི་རིགས་ཁག་གི་མང་ཚོགས། ཁ་བཏགས་དང་། རལ་པ། ཕྱེ་མར། མཆོད་ཆང་ལ་སོགས། བདེ་སྐྱིད་ལྡན་པའི་འཚོ་བ་དེ་རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག་ལྟར་སྣང་།
འདི་ནི་བྱེད་སྒོ་ཕུན་སུམ་ཚོགས་པའི་རྟོག་ཞིབ་ཀྱི་ཉིན་རེའི་ལས་རིམ་ཞིག་རེད།
ཚེས་21ཉིན། ཉིང་ཁྲི། ཉང་ཆུའི་ཟམ་ཆེན་དང་། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་ཁང་། བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོ། ཀོང་པོའི་སྤྱི་གླིང་བཅས་སུ་ཕེབས།
ཚེས་22ཉིན། ཉིང་ཁྲི་ནས་ལྷ་སར་ཕེབས། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གནས་ཚུལ་གྱི་སྙན་སེང་གསན་པ་དང་། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་འཛུགས་སྐྲུན་གཉེར་སྐྱོང་གནས་ཚུལ་ལ་རྟོག་ཞིབ་གནང་བ། འབྲས་སྤུངས་དགོན་དང་། བར་སྐོར། ཕོ་བྲང་པོ་ཏ་ལའི་ཐང་ཆེན་བཅས་སུ་ཕེབས་པ། བོད་ལྗོངས་མི་དམངས་ཚོཌ་ཁང་དུ་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་ལ་གཟིགས་གནང་བ་རེད།
ཚེས་23ཉིན། ལྷ་ས། བོད་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་ལྷན་བཞུགས་སྐུ་པར་ཡང་བསྐྱོན་པ་དང་། དེ་རྗེས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་།
ལོ་དེ་དག་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་དང་དེ་གའི་ཡུལ་མི་སྤུན་ཟླ་ཚོ་ཐུགས་ལ་བཞག་གནང་ཞིང་། ཕེབས་ལམ་དུ་དེ་སྔའི་གནས་ཚུལ་ཐུགས་ལ་ཡང་ཡང་འཁོར། “གངས་ལྗོངས་ས་མཐོའི་མཛེས་སྡུག་བརྗིད་ཉམས་ལྡན་པའི་ཡུལ་ལྗོངས་དང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་རྣམ་པ་གསར་པ་མཐོང་སྐབས་ང་རང་དགའ་ཚོར་ཆེན་པོ་བྱུང”
“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་དང་འབད་འབུངས་ལྷོད་མེད་བྱས་པ་བརྒྱུད། སྤྱི་ཚོགས་ཀྱི་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་སྔོན་ཆད་དང་བསྡུར་ཐབས་མེད་པའི་འཕོ་འགྱུར་བྱུང་འདུག”ཅེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེ་ཚིག་ནན་དོན་ཟབ་ཅིག་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། བོད་ལྗོངས་གསར་པ་དེ་བས་ཀྱང་མེད། ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛད་ཕྱོགས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་བྱུང་།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཀྱི་ངོས་ནས། བོད་དུ་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུ་བར་ཕེབས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འདི་ནི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་མཚོན་པར་བྱས་པ་ཞིག་ཡིན”ཞེས་ནན་བཤད་གནང་།
“ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་གངས་ལྗོངས་ས་མཐོར་འབད་འཐབ་བྱེད་བཞིན་པའི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན”ཞེས་གསུངས།
བོད་ཀྱི་གཞུང་ལམ། ད་ཆ་ནི་བོད་ཀྱི་ཐང་དཀར་རྒོད་པོས་མ་གཏོགས་འཕུར་མ་ཐུབ་པ་ཞིག་མིན།
བོད་ལ་འགྱུར་ལྡོག་གང་བྱུང་མིན་ལྟ་དགོས་ཚེ་ལམ་ནས་ལྟ་འགོ་འཛུགས་དགོས།
འཛམ་གླིང་ཡང་རྩེ་འདི་ཉིད་གངས་འཁྱགས་ཀྱིས་བསྡམས་ཤིང་རི་བོ་མཐོ་ལ་གཡང་གཟར་བ། ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བའི་ཁར། མཐོ་ཞིང་གྲང་ལ་གསོ་རླུང་མི་འདང་བས། ལྷོ་ནུབ་ཀྱི་མཐའ་མཚམས་ས་ཁུལ་འདིར་དུས་ཡུན་རིང་པོའི་ལོ་ཟླའི་ནང“བོད་ཀྱི་ཐང་དཀར་རྒོད་པོས་མ་གཏོགས་འཕུར་མ་ཐུབ་པའི་ཡུལ”ཞེས་བརྗོད་ཀྱི་ཡོད།
བཅིངས་འགྲོལ་མ་བཏང་གོང་། བོད་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་གཅིག་ཀྱང་མེད། ལམ་སྐྲུན་དམག་དམངས་ཁྲི་10ལྷག་ཙམ་གྱིས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། མཐར་1954ལོར་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ལྷ་ས་བར་དུ་བསྐྲུན། དུས་དེ་ནས་བཟུང་བོད་ལ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ། སྐབས་དེ་དུས་མི་མང་པོ་ཞིག་ལ་སེམས་འགུལ་ཚད་མེད་ཐེབས་ནས་དགའ་ངུ་ཤོར།
གཞུང་ལམ་ནི་བོད་ཀྱི་ངོས་ནས་བརྗོད་ན། ངོ་མཚར་དང་། འགྱུར་ལྡོག རེ་བ་བཅས་རེད།
2006ལོར། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་བོད་ལ་གཞི་ནས་ལྕགས་ལམ་ཤར་གཏོང་ཐུབ། བོད་དུ་ཡོང་སའི“མཁའ་ལམ”གཉིས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱི་བར་གསུམ་དུ་ཐུགས་ཁུར་གནང་བའི་ཁྲོན་བོད་ལྕགས་ལམ་རེད། པེ་ཅིང་དུ་བཞུགས་སྐབས། ཁོང་གིས་དོན་དག་དེའི་ཆེད་དུ་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞིབ་འཇུག་བཀོད་སྒྲིག་གནང་བ་དང་འབྲེལ་སྐུལ་འདེད་གཏོང་བའི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་ཡང་གནང་།
ཚེས་22ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྲོན་བོད་ལྕགས་ལམ་གྱི་ལྟེ་བའི་བབས་ཚུགས་གལ་ཆེན་ཏེ། ཉིང་ཁྲི་མེ་འཁོར་བབས་ཚུགས་སུ་ཕེབས།
བབས་ཚུགས་ཀྱི་སྟེགས་བུའི་ཐོག་འགྲེམས་པང་གཉིས་ཡོད་ཅིང་། དེའི་ཐོག་གཡུ་འབྲུག་འཁྱུག་པ་ལྟ་བུའི་ལྕགས་ལམ་གྱི་རི་མོ་ཞིག་བྲིས་ཡོད། རི་མཐོ་གཡང་གཟར་བརྒྱབ་པ་དང་གཙང་པོ་དང་ཆུ་ཆེན་བརྒལ་ཞིང་། ཁྲོན་བོད་ལྕགས་ལམ་གྱི་ལམ་དུམ་དེ་གཉིས་པོ་སྐྲུན་པར་འཛམ་གླིང་ཐོག་མཐོང་དཀོན་པའི་དཀའ་གནད་འཕྲད།
གཅིག་ནི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལམ་དུམ་ཡིན་ཞིང་། འདི་ནི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་པ་དང་། ཟླ་གོང་མར་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས། གྲོང་ཁྱེར་དེ་གཉིས་དབར་འགྲོ་འོང་བྱེད་པའི་དུས་ཚོད་ཆུ་ཚོད་གསུམ་ལྷག་ཙམ་ཐུང་དུ་སོང་།
1998ལོའི་ཟླ་དྲུག་པར་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་གནང་སྐབས་ཞི་ཅིན་ཕིང་བོད་དུ་ཐེངས་དང་པོ་ཕེབས་དོན་ནི་ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་ཁག་དང་པོ་བསུ་བ་དང་ཁག་གཉིས་པ་སྐྱེལ་བའི་ཆེད་དུ་རེད། ལྷ་ས་གོང་དཀར་གནམ་ཐང་ནས་ཉིང་ཁྲིའི་བྲག་ཡིབ་གྲོང་རྡལ་བར་དུ་ཁོང་གིས་ཉིན་གང་རླངས་འཁོར་ལ་བཞུགས། ད་རེས་སླར་ཡང་འཚམས་འདྲིར་ཕེབས་པའི་ལམ་དུ་སྔོན་མའི་སྣང་ཚུལ་ཐུགས་ལ་འཆར་བ་སྟེ། “སྐབས་དེ་དུས་ལམ་བར་དུ་ཉེན་ཁ་ཧ་ཅང་ཆེན་པོ་འདུག སྟབས་ལེགས་པ་ཞིག་ལ་ལམ་བར་དུ་རི་ཉིལ་བའི་གནོད་འཚེ་འཕྲད་མ་བྱུང་། ལམ་གུ་དོག་པོ་ཞིག་ཏུ་ཤིང་སྡོང་གཉིས་འགྱེལ་འདུག ང་ཚོས་རླངས་འཁོར་ནས་བབས་ཏེ་ལམ་ཟུར་ཞིག་ལ་བསྐྱལ་བ་ཡིན། ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་མེ་ཏོག་ཏུ་མངགས་སྐབས་རྟ་བཞོན་ནས་འགྲོ་དགོས་ཀྱི་ཡོད”
འཆར་འགོད་རི་མོ་གཞན་ཞིག་ནི་གཡག་རྔ་ནས་ཉིང་ཁྲི་བར་ཡིན་པར་དཀའ་ཚེགས་དེ་བས་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕེབས་མཚམས་བཞག་ནས་ལོ་རབས་མི་འདྲ་བའི་འཛེང་རྡོའི་གྲས་ནས“ལོ་ངོ་དུང་ཕྱུར་10ཙམ”ཞེས་ཟུར་མཆན་བཀོད་པའི་འཛེང་རྡོ་ཞིག་ཕྱག་ལ་བཞེས་ཏེ། “འདི་ནི་ང་ཚོས་རྒྱང་ལྟ་བྱེད་ཐབས་བྲལ་བའི་དུས་ཚོད་ཀྱི་ཐ་སྙད་ཅིག་རེད”ཅེས་གསུངས་བཞིན་ཞིབ་པར་གཟིགས།
“བྲག་རྡོ་གང་ཞིག་འཕྲད་ན་དཀའ་ཚེགས་ཆེ་ཤོས་ཡིན་ནམ”
“འདམ་འགྱུར་བྲག་རྡོ་རེད། ཨར་སྐྲུན་བྱེད་སྐབས་མཁྲེགས་སར་ལས་སྒྲུབ་བདེ་བ་དང་སྦོལ་སར་དཀའ་ཚེགས་ཆེ་མོད། འོན་ཀྱང་ད་ཆ་འཕྲུལ་ཆས་ཅན་དུ་གྱུར་པས་སྔོན་ཆད་དང་བསྡུར་ས་ཡེ་ནས་མེད། དེ་ཚོ་ཚང་མ་ང་ཚོ་རང་ཉིད་ཀྱི་ལག་རྩལ་ཡིན”
“ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་དགོས”སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཐག་ཆོད་པོས་ཁོང་ཚོར“ཁྱེད་ཚོའི་འཆར་འགོད་ཚན་རིག་དང་མཐུན་པ་ཞིག་འདུག ལམ་ཐིག་ཧྲིལ་པོར་སྐུལ་འདེད་གཏོང་བཞིན་པ་མཐོང་སྐབས་ཧང་སངས་དགོས་པ་ཞིག་འདུག”ཅེས་དང“‘ལམ་གཉིས’ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་དཀའ་སྤྱད་འབད་འབུངས་བྱས་ཏེ། ལམ་དུམ་རེ་རེ་བཞིན་ལེགས་སྒྲུབ་ཡོང་བ་བྱེད་དགོས། ལམ་བསྐྲུན་ན་ཡག་ཤོས་སྐྲུན་དགོས”ཞེས་གསུངས།
མེ་འཁོར་ལ་བཞུཌ་ཏེ་སྒེའུ་ཁུང་ནས་རྒྱང་རིང་ལ་གཟིགས། གཙང་ཆུ་ཤང་ཤང་དུ་རྒྱུག་ཅིང་། གྲོག་རོང་དང་། ཕུག་ལམ། ཟམ་ཆེན་བཅས་སྒྲོལ་སྐབས་བྲག་རི་གཡང་གཟར་དང་། ནགས་ཚལ་སྟུག་པོ། སྟར་ཆགས་སུ་གནས་པའི་ཐོག་ཁང་། ལྡིར་སྒྲས་ཁེངས་པའི་ལས་ཡུལ་ལ་སོགས་རེ་རེ་བཞིན་སྤྱན་ལམ་དུ་འཆར། ལྕགས་ལམ་འདི་སྐྲུན་སྐབས་དཀའ་ཚེགས་ཤིན་ཏུ་ཆེན་པོ་བྱུང་བ་དང་ལམ་དེ་ལས་བྱུང་བའི་སྐྱེ་སྟོབས་དང་གསོན་ཤུགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་བཞིན། ཁྲོན་བོད་ལྕགས་ལམ་བསྐྲུན་པ་དེ“ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་ཞིག”རེད།
མེ་འཁོར་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་འབྲེལ་ཡོད་བློ་མཐུན་སྐོང་བསྡུ་བྱས་ཏེ་ལྕགས་ལམ་འཆར་འགོད་ཀྱི་གནད་དོན་ལ་མུ་མཐུད་ཞིབ་འཇུག་གཏིང་ཟབ་གནང་།
ཁྲོན་བོད་ལྕགས་ལམ་ནས་ཡངས་པའི་ནུབ་རྒྱུད་མཐའ་མཚམས་ཀྱི་ལྕགས་ལམ་འཛུགས་སྐྲུན་འཆར་འགོད་ལ་གཟིགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བཟང་ཚིག་ནན་ངང་གསུངས་དོན།
“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ས་བཀྲ་ནི་རི་མོ་ཞིག་དང་ཀུན་ནས་མཚུངས། ཀྲུང་གོའི་དབུས་རྒྱུད་དང་། ཤར་རྒྱུད། བྱང་ཤར་ས་ཁུལ་བཅས་ཚང་མ་ནི་ཞིབ་བྲིས་ཟིན་པའི་རི་མོའི་ཆ་ཤས་ཤིག་དང་འདྲ་མོད། འོན་ཀྱང་ནུབ་རྒྱུད་ཀྱི་ཆ་ཤས་སུ་ད་དུང་སྟོང་ཆ་མང་པོ་ལུས་པས། ཕྱིས་འབྱུང་གསབ་འབྲི་བྱས་ན་མཛེས་སྡུག་ལྡན་པའི་ཀྲུང་གོའི་འགྲིམ་འགྲུལ་གྱི་རི་མོ་དེ་བས་མཛེས་པོ་ཞིག་ཆགས་རྒྱུ་ཡིན། རིགས་པས་ཁུངས་སྐྱེལ་གང་ལེགས་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་དེ་སྤྱི་ཡོངས་ལ་དམིགས་དགོས”ཞེས་གསུངས།
1952ལོའི་ཟླ་དང་པོར་བློ་མཐུན་ཞི་ཀྲུང་ཤུན་གྱིས་པཎ་ཆེན་རིན་པོ་ཆེ་བོད་དུ་ཕེབས་སྐྱེལ་ཞུ་བ་དང་མི་རིགས་གནད་དོན་སྐོར་གྱི་སྙན་སེང་འགའ་ཡི་ཁྲོད་ཏང་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་སྐོར་ལ་གྲོས་འགོ་འགའ་ཤས་བཏོན་གནང་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་གྲོས་འགོ་དེ་དག་དང་ལེན་གནང་བ་དང་དེ་རྗེས་ལག་ལེན་ཐོག་འཁྱོལ་བར་གནང་།
“ཏང་ཀྲུང་དབྱང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་སྐབས་མི་འདྲ་བའི་བོད་སྐྱོང་མཛད་ཇུས་བཏོན་ཞིང་། ལོ་ངོ་70ཡི་རིང་ང་ཚོས་དེ་ལྟར་གོམ་པ་རེ་རེ་བཞིན་མདུན་སྐྱོད་བྱས་ཡོད”
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་2015ལོ་དང་2020ལོར་སྔ་རྗེས་སུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པར་ཞུགས་གནང་བ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་ཞིང་། དུས་རབས་གསར་པའི་བོད་སྐྱོང་མཛད་ཇུས་གངས་ལྗོངས་ས་མཐོ་ཀུན་ལ་ཁྱབ།
སྙན་སེང་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཀྱི་འགན་འཁུར་བློ་མཐུན་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི“བོད་ཀྱི་ལས་དོན་གྱི་རྩ་འཛིན་དང་བླ་སྲོག”ལྟ་བུ་ཡིན་པར་གདེང་འཇོག་གནང་ཞིང་། ལས་དོན་ཁྲོད་གནད་དོན་གང་ཞིག་འཕྲད་ཀྱང་དེའི་ཁྲོད་ནས་ཐག་གཅོད་བྱེད་ཐབས་རྙེད་པས། དེ་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལོན་པ། མཐའ་འཁྱོངས་ཡག་པོ་བཅས་བྱས་ཚེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་དང་གདེང་ཚོད་ཡོང་ཐུབ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མྱོང་བ་ཟབ་མོས“ཏང་གི་མཛད་ཕྱོགས་སྲིད་ཇུས་ནི་ཡང་དག་པ་ཞིག་དང་བོད་ཀྱི་དོན་དངོས་དང་མཐུན་པ་ཞིག་ཡིན། ང་ཚོས་དེར་གོ་བ་ཡག་པོ་བླངས་ནས་ལག་བསྟར་ཇུས་གཞིར་འགྱུར་བ་བྱེད་དགོས་ལ། དོན་འཁྱོལ་ཐུབ་ནས་ཕན་འབྲས་ཐོན་པའང་བྱེད་དགོས། ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་འདི་ལྟ་བུར་གཞིགས་ཚེ་ཁ་ཕྱོགས་རྙེད་རྒྱུ་རེད་ལ་འཕེལ་རྒྱས་ཀྱི་འགྲོ་ལམ་ཡང་རྙེད་རྒྱུ་རེད”ཅེས་གསུངས།
བོད་ཀྱི་གྲོང་ཚོ། སྔོན་ཆད“ལྷམ་སྐེད་པར་གཟེར་ནས་འགྲོ་བའི”སྣང་ཚུལ་ད་ལྟ་མཐོང་རྒྱུ་མེད།
ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང“ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི”ཀ་ལ་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་1998ལོར་ཉིང་ཁྲིར་ཕེབས་སྐབས་བྲག་ཕྱི་གྲོང་ཚོར་ཕེབས་པ་དང་། 2011ལོར་སླར་ཡང་བྲག་ཕྱི་གྲོང་ཚོའི་འགྱུར་ལྡོག་ལ་གཟིགས་པར་ཕེབས། ཁོང་གིས་གནས་དེར་གསུངས་པའི་བཀའ་མོལ་དེ་དག་ད་ཆའང་མི་རྣམས་ཀྱི་བློ་རུ་གསལ་པོར་ངེས་པ་སྟེ།
“ཕྱུག་འགྱུར་ལམ་བུ་རྐང་འོག་ཏུ་ཡོད་པས་བསམ་བློ་མང་ཙམ་བཏང་ནས་སྤྱང་གྲུང་ལྡན་པའི་མི་ཞིག་བྱེད་དགོས། སྤྱང་གྲུང་ལྡན་པའི་མི་ཞིག་ཡིན་ན་འཕེལ་རྒྱས་ཀྱི་ལམ་བུ་ཡག་པོ་འདེམས་དགོས། བོད་ཀྱི་ཐོན་ཁུངས་ཧ་ཅང་རྩ་ཆེན་ཡིན་ཞིང་། ལ་ལ་དམིགས་བསལ་ཆེ་བ། དེ་དག་ལ་རྗེས་འཕེལ་གྱི་ལེགས་ཆ་ལྡན་པ་སྟེ། གཞན་ལ་མེད་པ་རང་ཉིད་ལ་ཡོད་པ་དང་གཞན་ལ་ཡོད་པ་རང་ཉིད་ལ་དེ་ལས་ལྷག་པ་ཡོད་པ་མ་ཟད། རྗེས་སུ་དེ་བས་རྩ་ཆེ་རུ་འགྲོ་ངེས་རེད”
“ཉིང་ཁྲིར་ཡུལ་སྐོར་ལས་རིགས་ཀྱིས་20%བཟུང་བས་ང་ཚོས་རྩེར་སོན་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ལམ་ཐིག་འཕེལ་རྒྱས་གཏོང་དགོས་ཀྱི་ཡོད། དེའི་ཁྲོད་ནས་ཧ་ཅང་གལ་ཆེན་ཞིག་ནི་མང་ཚོགས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན”
ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་སའི་ཀ་ལ་གྲོང་ཚོ་ནི་རྒྱལ་ལམ་318ཀྱི་རྒྱུད་དུ་ཡོད་པ་དང་གྲོང་ཚོར་ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་བཙུགས་ཡོད་ལ། ཁམ་བུའི་མེ་ཏོག་གི་རིག་གནས་ཡུལ་སྐོར་དུས་ཆེན་ཡང་གཉེར་འགོ་ཚུགས་ཡོད།
ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་རང་གི་ཨ་མའི་སྐོར་གླེང་རིམ་བཞིན“སྔོན་ཆད་ལམ་བར་དུ་ལྕི་བ་དང་འདམ་རྫབ་ཀྱིས་ཁེངས་པས། ཁོང་གིས་རྟག་ཏུ་ལྷམ་སྐེད་པར་གཟེར་ནས་རྐང་རྗེན་མར་གྲོང་ཚོའི་ནང་སྐྱོད་ཀྱི་ཡོད”ཅེས་བརྗོད།
ད་ཆ། མིག་ལམ་དུ་མངོན་པ་ནི་སྔོ་ཞིང་དྭངས་བའི་ནམ་མཁའ་དང་། མུ་ལ་མུ་འབྲེལ་གྱི་རི་འདབས་སུ་རྒྱ་ཆེ་བའི་འགྲོ་ལམ་དང་བོད་བཟོའི་སྡོད་ཁང་སྟར་པ་མང་པོ་བསྐྲུན་པ་དེ་ཡིན་ཞིང་། གང་སར་བདེ་སྐྱིད་འཚོ་བའི་རྣམ་པ་ཟབ་མོས་ཁེངས།
སྤྱི་ཁྱབ་ཧྲུའུ་ཅི་ཡུལ་མི་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་ཕེབས།
སྡོད་ཁང་རྒྱ་ཆེ་བ་དང་སྒོ་རའི་ནང་མེ་ཏོག་དང་སྤང་བཏབ་ཡོད་ཅིང་། ཁང་པའི་ནང་བརྐོས་བརྒྱབ་པའི་སྟར་ཤིང་གི་ཁྱིམ་ཆས་དང་། བོད་རིཌ་ཀྱི་ཉམས་འགྱུར་ལྡན་པའི་འགེལ་རིས། ཆུ་བཤལ་གཏོང་ཆོག་པའི་གསང་སྤྱོད་བཅས་ཡོད་པ་མ་ཟད། ད་དུང་གཉེར་ཚང་ཡང་ཡོད།
སྤྱི་ཁྱབ་ཧྲུའུ་ཅིས་འབྲུ་རིགས་སྒྱེ་མོ་རེ་རེ་བཞིན་ལ་ཞིབ་ཕྲ་གཟིགས་ཤིང་། གྲོ་དང་། བྲ་བོ། ནས། པད་ཁ། སྲན་མ། མ་རྨོས་ལོ་ཏོག་བཅས་ལ་གཟིཌ་རྗེས་ཁོང་གིས་དགྱེས་ཚོར་ཆེན་པོས་འབྲུ་སྦར་མོ་གང་ཕྱག་ཏུ་བསྣམས་ནས་ཉི་འོད་འོག་ཞིབ་ཕྲ་གཟིཌ། ད་དུང་གཉེར་ཚང་ནང་བོད་ཕག་གི་ཤ་བསྙལ་མ་དང་ཕྱུར་བ་མང་པོ་སྐམ་ཡོད་པ་དང་། ཟུར་ཞིག་ཏུ་རང་ཁྱིམ་དུ་བསྙལ་བའི་ཨ་རག་ཡོད། འཁྲིས་ཀྱི་ཐབ་ཚང་དུ་ཕེབས་སྐབས་ཚགས་ཤ་དང་། ལུག་ཤ མར་བཅས་མང་པོ་སྤུངས་པར་གཟིཌ་བཞིན“མར་འདི་དག་ལ་རྒྱ་མ་བརྒྱ་ཡོད་ཀྱི་རེད”ཅེས་གསུངས།
ཁྱིམ་དུ་མར་བཞུགས་ནས་ཅི་འཕྲོས་མོལ་འཕྲོས་གནང་བ་དང་། ཟླ་བ་རྒྱལ་མཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་རང་ཁྱིམ་གྱི་ཡོང་འབབ་སྐོར་ཞུས།
སྐྱེལ་འདྲེན་བྱེད་པ་ནི་ཡོང་འབབ་གསོག་ཁུངས་གཅིག་ཡིན། ཁྱིམ་ལ་རྐོ་འདྲུའི་འཕྲུལ་འཁོར་གཅིག་དང་འདྲུད་འཁོར་གཅིག་ཡོད།
ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་གྱི་བགོ་འགྲེམས་ནི་ཡོང་འབབ་གཞན་ཞིག་ཡིན། ཁྱིམ་དུ་ནང་མི་6ཡོད་པ་དང་། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བཅུ་ལེན་རྒྱུ་ཡོད་ཅེས་ཞུས་པ་དང་། སྔོན་མ་ཁམ་སྡོང་བཅད་དེ་མེ་ཤིང་བྱེད་ཀྱི་ཡོད། ད་ཆ་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་དངོས་འབྲེལ་ཚོར་བྱུང་ཞེས་སྤེན་པས་ཞོར་དུ་ཞུས།
ལོ་ལྟར་ཟླ་3པ་དང་4པར་ཁམ་སྡོང་ཁྲི་སྟོང་མང་པོར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ཅིང་། རི་ལྡེབས་དང་ལུང་ཤུར་གང་སར་ཁམ་བུའི་མེ་ཏོག་ཁྲ་ཆིལ་ཆིལ་དུ་བཞད་པ་དེ་དག་དགུང་གི་མཚམས་སྤྲིན་ས་གཞིར་ལྷུང་དང་གཉིས་སུ་མ་མཆིས། ས་ཕྱོགས་ཁག་གི་ཡུལ་སྐོར་བ་འདི་གར་གཅིག་མཇུག་གཉིས་མཐུད་ངང་སླེབས་པ་དང་། འདི་ལོའི་ལོ་སྟོད་ཁོ་ནར་ཡུལ་སྐོར་བ་ཁྲི་14ལ་སྣེ་ལེན་ཞུས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འདི་ནི་མེས་པོས་ཁྱེད་ཚོར་བཞག་པའི་ཕན་བདེ་དང་། ཁྱེད་ཚོར་སྤྲད་པའི་ཁམ་བུའི་མེ་ཏོག་གི་ལྡུམ་ར་ཞིག་རེད”ཅེས་འཛུམ་དམུལ་དམུལ་ངང་གསུངས།
ད་དུང་ཁྱིམ་ཚང་དེར་འདེབས་འཛུགས་དང་གསོ་ཚགས་ཀྱི་ཡོང་འབབ་ཀྱང་ཡོད་ཅིང་། རྨོ་ཞིང་མུའུ་22ནང་བཤུག་བཏང་བ་དང་། ལྷག་མ་མུའུ་7ལ་རང་ཁྱིམ་གྱི་ཟ་འབྲུ་འདེབས་ཀྱི་ཡོད། ཁྱིམ་དུ་འབྲི་གཡག་དང་བ་གླང་ཡང་གསོས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ནས“ཁྱེད་ཚོའི་ཡོང་འབབ་ལ་རྩིས་ཞིབ་ཕྲ་བརྒྱབ་ན་སྒོར་ཁྲི་བཅུ་ཕྲག་ཁ་ཤས་འདུག་པས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་རེད”ཅེས་གསུངས།
ཟླ་བ་རྒྱལ་མཚན་གྱི་ཕྲུ་གུ་གཉིས་ཀྱི་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་ཞིང་། བུ་མོ་ཕུར་བུ་ལྷ་མོ་ཆེན་པོ་ཆགས་རྗེས་སྨན་པ་ཞིག་བྱེད་འདོད་ཡོད་པ་དང་། བུ་ཕུར་བུ་ཚེ་རིང་གིས་སྤྱི་ཁྱབ་ཧྲུའུ་ཅིར་རང་ཉིད་རྒྱུག་ཐུང་ལུས་རྩལ་པ་ཞིག་བྱེད་ཀྱི་ཡིན་ཞེས་ཞུས།
བོད་རྙིང་པར་སློབ་གྲྭ་འགྲིམ་རྒྱུ་ལྟ་ཞོག་འཚོ་སྡོད་བྱེད་པའང་ལས་སླ་པོ་ཞིག་མ་རེད། ཞིང་བྲན་གྲངས་ལས་འདས་པ་ཞིག་གིས“ཐོག་ཡོད་པའི་ཁང་པ”ཞིག་ཡོད་ན་ཅི་མ་རུང་སྙམ་གྱི་ཡོད། ཐ་ན་མི་ཁ་ཤས་བ་ཚང་དང་ལྷས་རར་བསྡད་དེ་གཟན་རྩྭས་མལ་ཁེབས་བྱེད་ཀྱི་ཡོད། ད་དུང་ཞིང་བྲན་ཁྲོད་སྐབས་དེ་དུས“གངས་རི་མར་ལ་གྱུར་ཡང་། བདག་པོ་དཔོན་པོས་བརྒྱབ་སོང་། གཙང་ཆུ་འོ་མར་གྱུར་ཡང་། ཧུབ་གང་འཐུང་དབང་མི་འདུག”ཅེས་པའི་དམངས་གཞས་དར་ཡོད།
“བོད་མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་ལ་གོམ་པ་སྤོ་ཐེངས་གཅིག་ལ་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད་པས”ད་ཆ་བོད་ཀྱི་མི་རྣམས་ཀྱི་སེམས་ནང་དུས་རབས་འབྱེད་པའི་འཕོ་འགྱུར་ཆེན་པོའི་དོན་སྙིང་ལྡན་པ་ནི་དབུལ་སྒྲོལ་འགག་སྒྲོལ་ཡིན།
དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་དུས་འགོར་བོད་ལྗོངས་ནི་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་བའི་ས་ཁུལ་འབའ་ཞིག་དང་། རྒྱལ་ཡོངས་སུ་དབུལ་པོ་ཆགས་ཚད་མཐོ་ཤོས་དང་། དབུལ་པོ་ཚབས་ཆེ་ཤོས། དབུལ་སྐྱོར་གྱི་མ་གནས་མཐོ་ཤོས། དབུལ་སྒྲོལ་གྱི་དཀའ་ཚེགས་ཆེ་ཤོས་བཅས་ཡིན་པའི་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་རེད།
འཕྲེང་སེམས་ཆེ་ཤོས་དང་གདེང་ཚོད་ཆེ་ཤོས། 2019ལོའི་ལོ་མཇུག་ཏུ་བོད་ཀྱི་རྫོང་དང་ཆུས་དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་པ་དང་མི་འབོར་དབུལ་པོ་ཁྲི་62ལྷག་ཙམ་དབུལ་སྒྲོལ་ཐུབ་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་འབྲོག་མང་ཚོགས་མང་པོ་ཞིག་གི་འཚོ་བར་ཆུ་ཟོམ་ནས་ཆུ་ཀ་ལ་བར་དང་། སྣུམ་བཞུ་ནས་གློག་སྒྲོན་བར། བྱེ་རྡོའི་ལམ་ནས་སྣུམ་ནག་ལམ་བར་བཅས་ཀྱི་ཡར་རྒྱས་ཆེན་པོ་ཕྱིན་ཡོད”ཅེས་བོད་ཀྱི་འགྱུར་ལྡོག་སྐོར་གསོན་ཉམས་དོད་པའི་ངང་གསུངས།
ཟླ་བ་རྒྱལ་མཚན་ཁྱིམ་གྱི་སྒྲོག་ཙེའི་ཐོག་ཕྱུར་བ་སྒྲིག་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱུར་རྡོག་གཅིག་ཞལ་ལ་མཆོད་བཞིན་བྲོ་བ་ཞིམ་པོ་འདུག་ཅེས་གསུངས།
གྲོང་ཚོའི་མདོ་རུ་ཡུལ་མི་ཚང་མས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ནས་འཛོམས་ཤིང་། ཁོང་ཚོས་ལག་ཏུ་དཀར་གཙང་མཇལ་དར་ཁྱེར་ཏེ“སྤྱི་ཁྱབ་ཧྲུའུ་ཅི་ཐུགས་རྗེ་ཆེ”“ཏང་ཀྲུང་དབྱང་ཐུགས་རྗེ་ཆེ”“བཀྲ་ཤིས་བདེ་ལེགས”ཞེས་དགའ་འབོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁོང་ཚོའི་དཀྱིལ་དུ་ཕེབས་ནས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུས།
བབ་ཆགས་པའི་ཡུལ་མི་ཚོས་ཞྭ་མོ་ཕུད་དེ་གུས་འདུད་ཞུས་པ་དང་སེམས་འགུལ་ཚད་མེད་ཐེབས་ཏེ་དགའ་སྤྲོའི་མིག་ཆུ་ཤོར།
གང་ཡང་མེད་པ་ནས་དབུལ་སྒྲོལ་ཐུབ་པའི་བར་དང་། དེ་ནས་ཕྱུག་པོ་ཆགས་པའི་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ནི་མི་རྣམས་སེམས་འགུལ་ཐེབས་པ་ཞིག་ཡོད། སྡུག་དྲན་སྐྱིད་བསམ་ངང་ཏང་གི་བཀའ་དྲིན་དེ་བས་དྲན་ཞིང་། “ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད”ཅེས་པའི་སྐད་ཆ་དེ་ཁྱིམ་ཚང་ཚང་མའི་བདེ་སྐྱིད་ལྡན་པའི་འཚོ་བ་ལས་མངོན།
“ང་རང་སླེབས་ས་ཚང་མ་ནས་མང་ཚོགས་ལ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བའི་བདེ་སྐྱིད་ཚོར་སེམས་ཀྱིས་ཁེངས་པ་དང་། ཏང་དང་རྒྱལ་ཁབ་ལ་དྲིན་ཚོར་བྱེད་སེམས་ཀྱིས་ཁེངས་པ་ཚོར་བྱུང”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་འགུལ་ཟབ་མོ་ཐེབས་བཞིན་གསུངས།
བོད་ཀྱི་སྐྱེ་ཁམས་བཟང་པོ། ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་བ་ཞིག་རེད།
ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་འཆར་འགོད་ཁང་གི་པར་ཆེན་པོ་ཞིག་གི་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕེབས་མཚམས་བཞག་ནས་ཡུན་རིང་གཟིགས།
པར་འདི་ནི་ཡར་ཀླུང་གཙང་པོའི་ཁུག་ཆ་ཆེན་པོ་ཡིན་ཞིང་། རི་བོའི་འདབས་སུ་གཙང་ཆུ་ལང་ལོང་དུ་རྒྱུག་བཞིན་མཆིས། དེ་ནི་རང་བྱུང་ཁམས་ཆེན་པོའི་བཟོ་བོ་མཁས་པའི་རྩལ་ལས་འཁྲུངས་པ་ལྟར་གྱི་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་རེད།
“མཁའ་དབྱིངས་ནས་ལྟ་སྐབས་སྔོ་ཐིང་ཐིང་འདུག་པས། གང་སར་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་འདུག”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་དགོངས་ཚོར་ཟབ་མོས་གསུངས།
ཟླ་7ཚེས་9ཉིན་གྱི་ཕྱི་དྲོར། ཁོང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉི་ཤུ་པ་གཙོ་སྐྱོང་གནང་ཞིང་། དེའི་རིང《མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཐེངས་དེའི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་འགན་ལེན་བྱེད་པའི་ལོ་རྒྱུས་ཀྱི་མཐོ་ཚད་ཐོག་ནས། ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་བའི་རྣམ་འགྱུར་མཐའ་འཁྱོངས་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་ཡོད།
སྐྱེ་ཁམས་ནི་བོད་ཀྱི་དོན་ཆེན་ཞིག་ཡིན་ཞིང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད།
མཚོ་བོད་ས་མཐོའི་ལྟེ་བར་གནས་པའི་བོད་ལྗོངས་ནི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་རེད། ཆུ་དང་། ཉི་འོད། རི་སྐྱེས་སྲོག་ཆགས། ནགས་ཚལ་གཏེར་ཁ་སོགས་ཐོན་ཁུངས་ཧ་ཅང་འབེལ་བ་ནི་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད། བརྗིད་ཉམས་ལྡན་པའི་རི་བོ་ཇོ་མོ་གླང་མ་དང་། གཡང་གཟར་གྱི་གནམ་ལྕགས་འབར་བ། དྲག་ཏུ་རྒྱུག་པའི་ཡར་ཀླུང་གཙང་པོ། གཡུ་ཡི་མཎྜལ་ཕྱིས་འདྲའི་བྲག་གསུམ་མཚོ་སོགས་ནི་མི་རབས་ནས་མི་རབས་བར་ངེས་པར་དུ་གཅེས་འཛིན་བྱེད་དགོས་པའི་ཕ་ནོར་ཤ་སྟག་རེད།
“བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་གནམ་འོག་ཀུན་ལ་ཕན་པ་ཐོབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། འདི་གར་སྐྱེ་ཁམས་ལ་འཐབ་ཇུས་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་བཟང་ཚིག་ནན་སྒོ་ནས་གསུངས།
བོད་ཀྱི་སྐྱེ་ཁམས་བཟང་པོ་ཡོད་མེད་ནི་ལོ་རྒྱུས་ཀྱི་གཟིགས་རྒྱང་རིང་བའི་བཀོད་པར་ཚོད་བགམ་བྱས་པ་ཞིག་རེད།
ལོ་10ཡི་གོང་བོད་དུ་གཟིགས་ཞིབ་ལ་ཕེབས་སྐབས་བློ་མཐུན་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ནི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཡིན་པས། བོད་ཀྱི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས།
ལོ་6གོང་གི་བཞུགས་མོལ་ཚོགས་འདུ་ཐེངས་ཤིག་གི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ནས་ཡོང་བའི་རྫོང་ཨུད་ཧྲུའུ་ཅི་ཞིག་གི་གཏམ་བཤད་གསན་རྗེས། བོད་ཀྱིས་སྐྱེ་ཁམས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ལས་ཐང་རྡོ་བླངས་ནས་རུམ་བྲོ་ལྷུང་བའི་དཔེར་མ་འགྱུར་བ་བྱེད་དགོས་པ་དང་། སྐྱེ་ཁམས་ལ་གནད་དོན་ཐོན་ན་དེ་ནི་ངལ་བ་འབྲས་མེད་ཅིག་རེད་ཅེས་བཀའ་སློབ་གནང་།
བོད་ཀྱིས་སྐྱེ་ཁམས་ཀྱི་རྒྱུགས་ལན་ཞིག་ཕུལ་ཞིང་། ཚེས་23ཉིན་གྱི་སྙན་སེང་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བློ་མཐུན་གྱིས་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་1/3ལྷག་ཙམ་བཟུང་བ་དང་། གསར་སྤེལ་བྱེད་མི་ཆོག་པའམ་ཡང་ན་གསར་སྤེལ་གྱི་ཚད་བཀག་བཟོས་པའི་ས་ཁོངས་ཀྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་70%བཟུང་ཡོད་ཅེས་ངོ་སྤྲོད་བྱས།
གནམ་ཐང་དང་ཐག་མི་རིང་བའི་ཉང་ཆུའི་ཟམ་ཆེན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་མཚམས་བཞག་སྟེ་རླངས་འཁོར་ནས་བབས། ཡར་ཉང་འདམ་རར་རླབས་ཕྲེང་ཆལ་ཆིལ་དུ་གཡོ་བ་དང་རྩྭ་རྩི་ཤིང་སྔོ་ཐིང་ཐིང་དུ་གནས། རྒྱང་རིང་གི་ཉང་ཆུ་དང་ཡར་ཀླུང་གཙང་པོ་འདྲེས་མཚམས་སུ་ཆུ་མོ་གཉིས་ཀྱི་དབྱེ་བ་རབ་ཏུ་གསལ། གཅིག་ནི་རླབས་སྔོན་ཆལ་ཆིལ་ཏུ་གཡོ་ཞིང་དྭངས་ཤིང་གཙང་བ་དང་། གཞན་ཞིག་ནི་ཆུ་སྣ་ཀུན་གཅིག་ཏུ་འདུས་པས་བརྗིད་ཉམས་ཆེ། དེ་གཉིས་ལས་གཅིག་དྲག་ཏུ་རྒྱུག་པ་དང་། གཞན་དེ་དལ་གྱིས་འབབ་པ། གཅིག་ནི་དྭངས་ལ་གཅིག་ནི་ཉོག མཐར་ཆུ་མོ་གཉིས་ཀ་མཉམ་དུ་འདུས་ནས་ལང་ལོང་དུ་རྒྱུག
“ཡར་ཀླུང་གཙང་པོའི་ཆུ་ཁོངས་ནི་སྐྱེ་ཁམས་བཟང་བའི་ས་ཆ་ཡག་པོ་ཞིག་རེད། དེའི་སྐྱེ་ཁམས་ད་དུང་ཧ་ཅང་ཉམས་ཞན་རེད”ཅེས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རྩོད་སྒྲུབ་རིག་པའི་སྐོར་གླེང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོའི་སྒོ་ནས“ང་ཚོས་སྲུང་སྐྱོང་གཙོ་བོར་འཛིན་དགོས། སྐྱེ་ཁམས་ཁུལ་གཏོར་བཤིག་བཏང་ནས་མི་སྤྱོད་པར། སྐྱེ་ཁམས་ཞི་མཐུན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་བེད་སྤྱོད་དགོས”ཞེས་གསུངས།
ཁོང་གིས“‘ས་གཙང’དེར་སྲུང་སྐྱོང་ཡག་པོ་བྱས་ནས་ང་ཚོས་མཉམ་དུ་བྱ་བ་དེ་ཡག་པོ་སྒྲུབ་དགོས”ཞེས་ནན་བཤད་གནང་བ་རེད།
སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་བོད་ལ་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད། ལོ་དེ་དག་ནང་བོད་ཀྱིས་འབད་བརྩོན་བྱས་པ་དག་ལས་སྤྱི་ཁྱབ་ཧྲུའུ་ཅིར་བག་ཆགས་ཟབ་མོ་བྱུང་ཡོད།
གཅིག་ནི“ལྗང་མདོག་དངུལ་ཁང”ཡིན་ཞིང་། ཀ་ལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་འགྲམ་དུ་སྐར་གསོག་བརྗེ་ལེན་གྱི“ལྗང་མདོག་དངུལ་ཁང”ཞིག་ཡོད། གྲོང་མི་ཚོས་ཚུར་བསྡུ་ཆོག་པའི་གད་སྙིགས་བསྒྲུགས་ནས་དེ་གར་སྐར་གསོག་དང་འཚོ་བའི་མཁོ་ཆས་བརྗེ་གི་ཡོད། དེ་ནི་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པས་ཤང་དང་གྲོང་རྡལ་གཞན་དག་གི་བྱེད་ཐབས་ལ་ཕན་འབྲས་ཆེན་པོ་ཐོན་པ་མཐོང་ནས་སྦྱངས་པ་ཞིག་རེད།
གཅིག་ཤོས་ནི“ལྗང་མདོག་སྤྱི་གླིང”ཡིན་ཞིང་། བོད་དུ་ལྗོངས་ཡོངས་ཀྱི་སྤྱི་གླིང་དང་ལུས་རྩལ་སྒྲིག་ཆས་ཚང་མར་རིན་པ་ལེན་གྱི་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲིའི་གྲོང་ཁུལ་གསར་རྙིང་འབྲེལ་མཚམས་སུ་རླངས་འཁོར་ལས་བབས་ཏེ་ར་སྐྱོར་མེད་པའི་ཀོང་པོའི་སྤྱི་གླིང་ནས་གླུ་སྒྲ་དང་དགོད་སྒྲས་ཁེངས་པའི་སྤྱི་གླིང་གི་ཐང་ཆེན་དུ་ཕེབས།
འདི་གར་མི་བརྒྱ་ལྷག་ཙམ་གྱིས་སྒོར་གཞས་འཁྲབ་ཅིང་། “སྐྱིད་པོ་འདུག་གམ། འདིར་སྡོད་འདོད་ཡོད་དམ”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་འཛུམ་དམུལ་དམུལ་ངང་དེ་གར་ཡོད་པའི་ཡུལ་སྐོར་བ་ཚོར་བཀའ་འདྲི་གནང་།
“སྡོད་འདོད་ཡོད”ཅེས་ཚང་མས་མཉམ་དུ་ལན་བཏབ།
སྐྱེ་ཁམས་བཟང་པོ་ནི་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་བདེ་སྐྱིད་ཅིག་རེད།
བོད་ཀྱི་མི་རྣམས། དཀའ་བ་སྤྱོད་མཁན་དང་། དམག་འཐབ་བྱེད་མཁན། བཟོད་བསྲན་ཐུབ་མཁན། མཐུན་སྒྲིལ་བྱེད་མཁན། ལེགས་སྐྱེས་འབུལ་མཁན་བཅས་རེད།
ལྷ་སའི་བར་སྐོར་གྱི་ཙག་ཙིག་ཚོང་ཁང་ཞིག་གི་ལས་མིས་ཁ་པར་ནས་པར་ཞིག་བསྐུར་ཏེ“འདི་ནི་ང་དང་སྤྱི་ཁྱབ་ཧྲུའུ་ཅི་ཐག་ཉེ་ཤོས་ཀྱི་དུས་ཡིན”ཞེས་བྲིས་ཡོད།
པར་ནང་གྲལ་སྟར་འགྲིག་པའི་ཚོང་ཁང་དང་། འཁྲུག་ཆ་དོད་པའི་རྣམ་པ། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་མི་ཚོགས་བཅས་ཡོད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་སྐབས་ཚང་མ་དགའ་བ་འབུམ་གྱིས་མྱོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ལོ་23གྱི་གོང་ཐེངས་གཅིག་ཡོང་མྱོང་ཡོད། ད་ཆ་འཛུགས་སྐྲུན་ཡག་པོ་བྱས་འདུག རྒྱལ་ཡོངས་ས་གནས་ཁག་གི་མི་འདི་གར་ཡོང་ནས་བྱ་གཞག་སྒྲུབ་པ་དང་། ཆོས་མཇལ་དང་ཡུལ་སྐོར་ལ་ཡོང་གི་ཡོད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་ནི་ང་ཚོ་མི་རིགས་ཁག་གིས་བསྐྲུན་པའི་བར་སྐོར་ཡིན། འདིར་ མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱུང་ནས་རང་རེའི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་དགའ་སྤྲོ་འཆམ་མཐུན་གྱི་རྣམ་པ་མངོན་ནས་ཡོད”ཅེས་མྱོང་ཚོར་ཟབ་མོས་གསུངས།
ཀོང་པོའི་སྤྱི་གླིང་དང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ། གྲོང་མི་དང་ཡུལ་སྐོར་བ་མང་པོས་སྤྱི་ཁྱབ་ཧྲུའུ་ཅི་མཇལ་སྐབས། སྐད་གསང་མཐོན་པོས“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང”ཞེས་དགའ་འབོད་བྱས། བོད་རིགས་དང་། ཧུད་རིགས། མོན་པ་རིགས། ལྷོ་པ་རིགས། འཇང་རིགས། རྒྱ་རིགས་བཅས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་གཅིག་ལ་གཅིག་བརྟེན་གྱིས་ཕན་ཚུན་ཁ་འབྲལ་ཐབས་མེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་དུ་མི་རིགས་56སེ་འབྲུའི་རྡོག་པོར་དཔེ་བཞག་གནང་གི་ཡོད། ཕེབས་ལམ་དུ་གཟིགས་ཞོར་ཁོང་གིས“མི་རིགས་56ནི་སེ་འབྲུའི་རྡོག་པོ་ཡིན་པ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་གོང་བུ་ཡིན། ང་ཚོ་ནི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཡིན་པས་ཕྱར་བ་གྲུ་འདེགས་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་དགོས”ཞེས་མྱོང་ཚོར་ཟབ་མོས་གསུངས།
ཚེས་22ཉིན་གྱི་དགོང་མོ། བོད་ལྗོངས་མི་དམངས་ཚོགས་ཁང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་ལ་གཟིགས་ཤིང་། 《མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་དྲིན་ཚོར》དང་། 《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》 《དུས་རབས་གསར་པར་སྨོན་འདུན་ཞུ》ཞེས་པ་སོགས་སྙན་འཇེབས་ལྡན་པའི་དབྱངས་རྟ་ལས་བོད་ཀྱི་མང་ཚོགས་ཀྱི་སེམས་གཏམ་མཚོན།
“མི་སེར་དང་ལྷག་དོན་དུ་བོད་རིགས་མང་ཚོགས་ཀྱི་ད་ཆའི་བདེ་སྐྱིད་འཚོ་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྒྲུབ་འོས་པའི་ལས་དོན་བསྒྲུབས་པ་ལས་བྱུང་བ་ཞིག་ཡིན” “ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲང་བ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་དེ་ནུས་སེམས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ། ང་ཚོས་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་ནན་བཤད་གནང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བོད་ནས་སྤྱིར་བཏང་མིན་པའི་མི་དཀྱུས་མ་མང་པོ་འཕྲད་ཡོད།
ཧོང་ཧའེ་ཧྥེན་ནི་ཀ་ལ་གྲོང་ཚོའི་སློབ་ཆེན་ཐོན་པའི་གྲོང་དཔོན་རེད། ཀོང་ཏུང་དུ་སློབ་གྲྭ་འགྲིམ་རྗེས་མདུན་ལམ་བཟང་བའི་ལས་ཀ་དོར་ནས་ཁྲའོ་ཧྲེན་གྱི་བུ་མོ་དེས་ཕུགས་འདུན་བཅངས་ཏེ་བོད་དུ་བསྐྱོད།
“རྦད་དེ་འདི་གར་སྡོད་རྩིས་ཡོད་དམ”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་བཀའ་འདྲི་གནང་།
ཁོ་མོས་འཚེར་སྣང་ཆེན་པོས“སྡོད་རྩིས་ཡོད། འདི་གར་ཁྱིམ་ཐབ་བཙུགས་ཡོད། མཉམ་དུ་བོད་ལ་ཡོང་བའི་བཟའ་ཟླའང་ཉེ་འགྲམ་གྲོང་ཚོར་ཡོད”ཅེས་ཞུས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འདི་གར་ཤེས་ལྡན་པ་མཁོ་ཆེ་བས་མཚོ་རྒྱུད་ཁུལ་ནས་ས་མཐོར་ཡོང་བའི་ཁྱེད་ཀྱིས་འདི་གར་ལས་ཀ་ཡག་པོ་བྱེད་དགོས”ཞེས་ཁོ་མོར་སྐུལ་ལྕག་གནང་།
སྒྲོལ་དཀར་ནི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནས་རེད། “ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན”ཞེས་པ་ནི་ཁོང་གི་དད་སེམས་ཡིན་ཞིང་། ཁོང་དང་ནང་མི་ཚོས་མཉམ་དུ་མཐའ་མཚམས་སྲུང་བའི་གཏམ་རྒྱུད་ཀྱིས་རྒྱལ་ཡོངས་ས་ཕྱོགས་གང་སར་སེམས་འགུལ་ཆེན་པོ་ཐེབས་ཡོད།
མི་རིང་བའི་གོང་དུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོང་ལ“བདུན་གཅིག་བྱས་རྗེས་གཟེངས་རྟགས”གནང་བ་རེད། བོད་ལྗོངས་ལྷ་སར་ཁོང་སླར་ཡང་སྤྱི་ཁྱབ་ཧྲུའུ་ཅི་དང་མཇལ།
ཚེས་23ཉིན་གྱི་སྔ་དྲོ་སྙན་སེང་ཚོགས་འདུ་མ་འཚོག་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་མཇལ་འཕྲད་ཁག་དྲུག་གནང་བ་རེད།
ཁག་དང་པོར་བོད་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མིར་མཇལ་འཕྲད་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་མཇལ་འཕྲད་ཚོམས་ཆེན་དུ་ཕེབས་སྐབས་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།
“བློ་མཐུན་ཚོ། དེ་རིང་ང་ཆེད་མངགས་ཁྱེད་ཚོར་ལྟ་བར་ཡོང་བ་ཡིན། ངས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ལོ་ངོ་70ཡི་རིང་། བོད་སྡོད་དཔུང་སྡེས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། གངས་ལྗོངས་ས་མཐོར་གཞི་ཚུགས་ནས་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ཀྱི་མཐའ་མཚམས་བསྲུངས་ནས་ལས་འགན་གལ་ཆེན་རབ་དང་རིམ་པ་གཟེངས་སུ་ཐོན་པོའི་ངང་བསྒྲུབས་ཡོད་ལ། དཀའ་ཚེགས་ཆེ་བའི་ཁོར་ཡུག་དང་རྙོག་འཛིང་ཆེ་བའི་འཐབ་རྩོད་ཀྱི་ཚོད་བགམ་ཐེག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་གཅིག་གྱུར་སྲུང་སྐྱོང་དང་། བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པས། ཏང་དང་མི་དམངས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོས་གསུངས།
བོད་རང་སྐྱོང་ལྗོངས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་། ས་གནས་དང་གྲོང་ཁྱེར་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་དང་། བློ་མཐུན་རྒན་གྲས་ཀྱི་འཐུས་མི། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི། བོད་སྐྱོར་ལས་བྱེད་པའི་འཐུས་མི། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣའི་འཐུས་མི་སོགས་ལ་མཇལ་འཕྲད་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་གྲལ་སྟར་གྱི་གཞོགས་གཅིག་ནས་ཕྱག་གཡུག་གཡུག་གིས་འཚམས་འདྲི་གནང་གིན་དལ་བུར་གཞོགས་གཅིག་ལ་ཕེབས། ཁོང་ཚོའི་ཁྲོད་གྲོགས་པོ་རྙིང་པ་ཡོད་ལ། གྲོགས་པོ་གསར་པའང་ཡོད་པ་མ་ཟད། བདེ་ཆས་གྱོན་མཁན་དང་བོད་ཆས་གྱོན་མཁན་ཡང་ཡོད།
1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས། ལོ་4ཡི་རྗེས་སུ་བོད་སྐྱོར་ལས་བྱེད་པ་སྐྱེལ་བསུ་བྱ་ཆེད་བློ་མཐུན་ཞི་ཅིན་ཕིང་བོད་དུ་ཕེབས། སྐབས་དེ་དུས་བོད་སྐྱོར་ལས་བྱེད་པར་མཐོང་ཆེན་བྱས་ནས་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པས་བོད་དུ་སྐྱེལ་རོགས་བྱས། ཧྥུའུ་ཅན་གྱིས་བོད་སྐྱོར་ལས་དོན་ལ་མཐོང་ཆེན་བྱས་པ་དེས་བོད་ལ་བག་ཆགས་ཟབ་མོ་བཞག་ཡོད། “ཉིང་ཁྲི་ས་ཁུལ་གྱི་ལས་དོན་ནི་ང་ཚོའི་ཞིང་ཆེན་གྱི་ལས་དོན་ཡིན”“ཕུལ་བྱུང་ལས་བྱེད་པ་གཏོང་དགོས། ལེགས་པའི་ཁྲོད་ནས་རྩེ་གྲ་འདེམས་དགོས”ཞེས་པའི་ཁོང་གི་བཀའ་མོལ་དེས་བོད་ཀྱི་ལས་བྱེད་པ་དང་ མང་ཚོགས་ཚོར་དྲོ་སྐྱིད་ཟབ་མོ་སྦྱིན་ཡོད།
ལོ་ཉེར་གསུམ་ནང་བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་བྱས་ནས་གངས་ལྗོངས་ས་མཐོར་འབྱོར། ལྷ་ས་གྲོང་ཁྱེར་གྱི“པེ་ཅིང་ལམ”དང་། ལྷོ་ཁ་གྲོང་ཁྱེར་གྱི“ཧུའུ་ནན་ལམ”གཞིས་རྩེ་གྲོང་ཁྱེར་གྱི“ཧྲན་ཏུང་ལམ”སོགས་བསྐྲུན་ཡོད། བོད་དུ་ཀྲུང་གོ་ཡོངས་ཀྱིས་འཕྲེང་སེམས་འཆང་བ་དང་། ས་མཐོའི་བུ་ཕྲུག་ཁྲི་300ལྷག་ཙམ་དང་མཉམ་དུ་འབད་འཐབ་བྱེད་བཞིན་པའི་བོད་སྐྱོར་ལས་བྱེད་པ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་སྲིད་ཇུས་ཤིག་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ། བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་ཡོད།
ཉི་མས་འཚིག་ནས་ངོ་གདོང་སྨུག་པོར་གྱུར་པའི་བོད་སྐྱོར་ལས་བྱེད་པ་ཚོ་གཟིགས་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་པའི་སྒོ་ནས་འདི་ལྟར་ངང་གསུངས་པ་སྟེ།
“བོད་སྐྱོར་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་བླ་ན་མེད་པའི་སྙིང་སྟོབས་ཤིག་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ཞིག་རེད། གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་བྱེད་དགོས། སྙིང་སྟོབས་དེ་ནི་གསར་བརྗེའི་ཕུགས་བསམ་དགུང་ལས་མཐོ་བའི་སྙིང་སྟོབས་ཤིག་རེད། ཁྱེད་ཚོ་ས་མཐོར་ཡོད་པ་དང་ཁྱེད་ཚོའི་སྙིང་སྟོབས་ནི་ས་མཐོ་ལས་མཐོ་བ་ཡོད། བྱ་བ་དེ་ངེས་པར་དུ་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ་དང་མི་རབས་ནས་མི་རབས་རྒྱུན་མཐུད་ནས་སྒྲུབ་དགོས། ཕྱོགས་གཅིག་ནས་བོད་ལ་རོགས་སྐྱོར་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་བསྒྲུབས་པ་དང་། ཕྱོགས་གཞན་ཞིག་ནས་ལས་བྱེད་པར་སྦྱོང་བརྡར་ཐེབས་པ་དང་དཔུང་ཁག་འཚར་ལོངས་བྱུང་ཡོད། བོད་སྐྱོར་ནི་ཁྱེད་ཚོའི་མི་ཚེའི་ནང་རྩ་ཆེ་ཤོས་ཀྱི་མྱོང་བ་ཞིག་ཡིན་ངེས་རེད”
སྙན་སེང་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོར་ཐུགས་ཁུར་དང་བྱམས་སྐྱོང་བྱེད་དགོས་པའི་སྐོར་སླར་ཡང་གླེང་སྟེ། གླ་ཕོགས་དང་། སྡོད་ཁང་། སྨན་བཅོས། བུ་ཕྲུག་སློབ་ཞུགས། རྒལ་ཡོལ་བཀོད་སྒྲིག་བཅས་ཀྱི་ལས་དོན་རེ་རེ་བཞིན་ནན་ཏན་ངང་སྒྲུབ་དགོས་པའི་བཀའ་མངགས་ཞིབ་ཕྲ་གནང་།
སྙན་སེང་ཚོགས་འདུ་གྲོལ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཚོགས་འདུར་ཞུགས་མཁན་བོད་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ཁྲོད་དུ་ཕེབས།
“ཁྱེད་རང་བོད་སྐྱོད་པ་རྒན་གྲས་ཤིག་ཡིན་ཤས་ཆེ། གཟུགས་པོ་གང་འདྲ་འདུག་གམ”“ལས་ཀར་ག་དུས་ཞུགས་པ་ཡིན་ནམ། ས་ཆ་གང་དུ་འགྲོ་མྱོང་ཡོད་དམ”ཞེས་བཀའ་འདྲི་གནང་། བོད་དུ་སླེབས་མ་ཐག་པའི་ན་གཞོན་ལས་བྱེད་པ་གཟིགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལས་གནས་དེ་ལས་སླ་པོར་རག་པ་ཞིག་མིན་པས། ངེས་པར་དུ་གཅེས་འཛིན་ལྡབ་བརྒྱ་བྱེད་དགོས། དེ་ནི་གོ་སྐབས་ཤིག་ཡིན་ལ་ཚོད་བགམ་ཞིག་ཀྱང་ཡིན་པས། ‘བོད་སྐྱོད་པ་རྒན་གྲས’ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས”ཞེས་བཀའ་མངགས་གནང་།
གངས་ལྗོངས་ས་མཐོར་ལས་ཀ་བྱེད་མཁན་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དེ་ལམ་སྟོན་སྒྲོན་མེ་ལྟར་བརྩི་ཡི་ཡོད། སྙིང་སྟོབས་དེ་ནི་སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ་བཅས་ཀྱི་སྙིང་སྟོབས་ཤིག་རེད། སྙིང་སྟོབས་དེ་དག་གཏོད་མཁན་དང་རྒྱུན་འཛིན་བྱེད་མཁན་ནི་སྡུག་བསྲན་ཐེག་མཁན་དང་། དམག་འཐབ་འཇོན་མཁན། བཟོད་བསྲན་ཐུབ་མཁན། མཐུན་སྒྲིལ་ཐུབ་མཁན། ལེགས་སྐྱེས་འབུལ་མཁན་བཅས་ཤ་སྟག་རེད།
བོད་ཀྱི་དགོན་སྡེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོད་པ།
ལྷ་སའི་ནུབ་འདབས་ཀྱི་དགེ་འཕེལ་དབུ་རྩེའི་ལྷོ་ངོས་སུ་ཆགས་པའི་འབྲས་སྤུངས་དགོན་བསང་གི་དུ་བའི་ཁྲོད་དེ་བས་རྔམ་བརྗིད་ལྡན། ཚེས་22ཉིན་གྱི་ཕྱི་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཚོགས་ཆེན་འདུ་ཁང་གི་ཐང་ཆེན་དུ་ཕེབས་སྐབས། དུང་དང་རྒྱ་གླིང་གི་སྒྲ་གྲགས་ཤིང་། འབྲས་སྤུངས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བས་སྤྱི་ཁྱབ་ཧྲུའུ་ཅིར་མཇལ་དར་ཕུལ་བ་རེད།
དགེ་འདུན་པས་བསང་ཕོར་འཁྱེར་བ་དང་གདུགས་ཕུབ་པའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་འདུ་ཁང་ལ་ཕེབས་པ་རེད།
དགོན་པའི་རྡོ་གཅལ་རེ་རེ་ལས་དགོན་པའི་ལོ་རྒྱུས་མངོན། ཀ་འཕན་གྱིས་བརྒྱན་པའི་ཀ་བ་དང་ཁྲུལ་ཁྲུལ་དུ་དཔྱངས་པའི་བཀྲ་ཤིས་ཁྲ་རིང་ནི་དགེ་འདུན་ཚོ་དང་མཉམ་དུ་ཉིན་ལྟར་ཐོས་བསམ་ལ་གཞོལ་བ་ལྟར་སྣང་།
“ཆོས་ལུགས་ཀྱི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་སྐབས་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད”2016ལོའི་ཟླ་བཞི་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཆོས་ལུགས་ལས་དོན་ལ་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལྡན་ཡོད་ཅེས་གསུངས།
བོད་བརྒྱུད་ནང་བསྟན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་བོད་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ཅིག་ཡིན། ཏང་གི་ཆོས་ལུགས་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས“རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པར་རྒྱབ་སྐྱོར”དང“བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས”
ཚོགས་ཆེན་འདུ་ཁང་དུ་འབྲས་སྤུངས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བས། དགོན་སྡེའི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། “དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅིས་ཆབ་སྲིད་དང་དུས་བབ་སྐོར་བརྗོད་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་སྲིད་ཇུས་དང་གཏན་འབེབས་སྐོར་བརྗོད་པ། རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཁྲིམས་སྐྱོང་དང་ལོ་རྒྱུས་སྐོར་བརྗོད་པ། བླ་མ་སྐྱེས་ཆེན་གྱིས་བསྟན་དོན་དང་འདུལ་ཁྲིམས་སྐོར་བརྗོད་པ། དགེ་འདུན་པ་རྒན་གྲས་ཀྱིས་སྤྱི་ཚོགས་གསར་རྙིང་བསྡུར་བ་དང་འགྱུར་ལྡོག་བརྗོད་པ་བཅས་བྱས་ཏེ། དགེ་འདུན་པ་ཚོས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་། འདུལ་ཁྲིམས་བསྲུངས་ནས་ཐོས་བསམ་སྒོམ་གསུམ་ལ་གཞོལ་བ། ‘བཅའ་ཁྲིམས་ལ་བརྟེན་ནས་དགོན་སྡེ་བཅོས་སྐྱོང་དང་འདུལ་ཁྲིམས་ལ་བརྟེན་ནས་དགེ་འདུན་པར་དོ་དམ་བྱ་རྒྱུ’མཐའ་འཁྱོངས། དགོན་སྡེ་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དགོན་སྡེའི་སྒྲིག་སྲོལ་དང་དགེ་འདུན་པའི་སྡོམ་ཁྲིམས་ཀྱི་ལམ་ལུགས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ནས་སྟོན་ཕྱོགས་ལ་ནུས་པ་ལྡན་པ་དང་། བྱེད་ཐབས་ལྡན་པ། ཕན་འབྲས་ལྡན་པ་བཅས་བྱས་ཡོད”ཅེས་བརྗོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ཆབས་ཅིག་སྐབས་སྐབས་སུ་ཁོང་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་བ་རེད།
ཚོགས་ཆེན་འདུ་ཁང་ནས་ཕྱིར་ཕེབས་སྐབས། སྔོ་བསངས་ནམ་མཁར་ཆུ་འཛིན་འདབ་མ་གཡོ་ཞིང་། ཚོན་མདོག་རྣམ་པར་བཀྲ་བའི་དར་ལྕོག་རླུང་གི་རྒྱུ་བ་དང་བསྟུན་ནས་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། དགོན་སྡེའི་དགེ་འདུན་པ་ཚོས་ཚོགས་ཆེན་འདུ་ཁང་གི་ཕྱིར་གྲལ་བསྒྲིགས་ནས་མཇལ་དར་ཁྱེར་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་སྒུག་ཞུས་ནས་བསྡད་ཡོད།
སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོའི་ཕྱོགས་སུ་ཕེབས། དགེ་འདུན་པའི་ཁྲོད་དུ་ལོ་ན་བགྲེས་པའི་དགེ་འདུན་པ་ཡོད་ལ་ན་གཞོན་དགེ་འདུན་པའང་ཡོད། ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅིར“བཀྲ་ཤིས་བདེ་ལེགས”ཞེས་ཁམས་བདེའི་འཚམས་འདྲི་ཞུས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅིས“ངས་འབྲས་སྤུངས་དགོན་གྱི་སྙན་གྲགས་སྔ་ས་ནས་ཐོས་མྱོང་ཡོད། འབྲས་སྤུངས་དགོན་ང་ཚོའི་བོད་བརྒྱུད་ནང་བསྟན་ས་ཁུལ་དང་དད་ལྡན་མང་ཚོགས་ཚོའི་སེམས་ནང་གནས་བབ་ཧ་ཅང་མཐོ་པོ་ཡོད། ལོ་དེ་དག་ནང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བཅས་ཀྱི་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད”ཅེས་གསུངས།
དགེ་འདུན་པ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ཉན།
“ཆོས་ལུགས་ཀྱི་འཕེལ་རྒྱས་ཆོས་ཉིད་དེ་ནི‘ཞི་མཐུན’ལ་ཐུག་ཡོད། ཆོས་ལུགས་གང་ཞིག་ཡིན་རུང་དེ་ཡུན་གནས་དང་འཕེལ་རྒྱས་ཡོང་བ་བྱེད་དགོས་ན་ངེས་པར་དུ་གནས་སའི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱེད་དགོས། དེ་ནི་འཛམ་གླིང་ཆོས་ལུགས་འཕེལ་རྒྱས་དང་ཁྱབ་སྤེལ་གྱི་ཡོངས་ཁྱབ་ཆོས་ཉིད་ཅིག་རེད། བོད་བརྒྱུད་ནང་བསྟན་འཕེལ་རྒྱས་གཏོང་སྐབས་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བར་ཕན་པ་ཐོན་པ་དང་སྤྱི་ཚོགས་བརྟན་ལྷིང་ལ་ཕན་པ་ཐོན་པ་བྱེད་དགོས། བསྟན་དོན་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་བྱེད་དགོས། བོད་བརྒྱུད་ནང་བསྟན་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་ཡོད་ལ། འགྲོ་ལམ་དེ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་དང་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡག་ཏུ་འགྲོ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད”
ཚེས་23ཉིན་གྱི་སྔ་དྲོ། སྙན་སེང་ཚོགས་འདུ་མ་འཚོག་གོང་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣའི་འཐུས་མི་ལྷ་ས་གསོལ་མགྲོན་ཁང་དུ་མཉམ་དུ་འཛོམས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོང་ཚོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད།
“བོད་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ”
བོད་དུ་རྟོག་ཞིབ་གནང་རིང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་ཐུགས་ལ་འཆང་བཞིན་ཡོད།
ཧོ་ནན་དུ་དྲག་ཆར་བབས་ནས་ཆུ་ལོག་གི་གནས་ཚུལ་ཐོན་པ་མཁྱེན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་བའི་ཕེབས་ལམ་དུ་མཛུབ་སྟོན་གལ་ཆེན་གནང་བ་སྟེ།
“སྔ་ཕྱི་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ཨང་དང་པོར་བཞག་ནས། སྟོབས་ཤུགས་མགྱོགས་མྱུར་སྒྲིག་འཛུགས་ཀྱིས་འབྲུབ་འགོག་གེགས་སེལ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བཅས་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་དང་རྒྱུ་ནོར་གྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས”
ཁོང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེར་ས་གནས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཉེན་སེལ་གེགས་སེལ་གྱི་ལས་དོན་སྤེལ་དགོས་པ་དང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། འཕྲལ་སྡོམ་དོ་དམ་པུའུ། ཆུ་བེད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱིས་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་ས་གཤིས་གནོད་འཚེའི་དཔྱད་དཔོག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
རྟོག་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅིས་འབྲུབ་ཆུ་རྒྱས་ཚུལ་དང་འབྲུབ་འགོག་ཆུ་འགོག་གི་གནས་ཚུལ་མཁྱེན་རྟོགས་གནང་གི་ཡོད།
མི་རིང་བའི་གོང་། པེ་ཅིང་དུ་ཚོགས་འདུ་འཚོག་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་གཙོ་བོར“འབྲུབ་ཆུ་རྒྱས་པའི་སྐབས་ཀྱི་འབྲུབ་འགོག་ལས་དོན་ནི་ཁྱེད་ཚོས་སེམས་ཁུར་ཆེ་ཤོས་བྱེད་དགོས་པའི་བྱ་བ་ཡིན། དེ་དང་ཆབས་ཅིག་ད་ལྟའི་དུས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་གྱི་ལས་དོན་མང་བས། འགག་རྩ་ནི་སྔོན་ཇུས་ཡག་པོ་བཟོས་ཏེ་ཆུ་མ་ཤོར་གོང་རགས་རྒྱག་པ་ལས་སྣང་མེད་དུ་འཇོག་པ་དང་བག་མེད་ལྷོད་གཡེང་གཏན་ནས་བྱེད་མི་རུང”ཞེས་བཀའ་མངགས་གནང་བ་རེད།
འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པ་ནི་མིའི་ཚེ་སྲོག་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། ཧྥུའུ་ཅན་དུ་ཕྱག་ལས་གནང་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་གྲ་སྒྲིག་ཨང་བསར་གནང་རྒྱུ་མཐའ་འཁྱོངས་གནང་ཞིང་། ཕྱིས་སུ་ཀྲེ་ཅང་དུ་ཕེབས་སྐབས“མི་ཁྲི་ཚོ་བརྒྱའི་གནས་སྤོ་ཆེ་མོར”སྐུལ་འདེད་བཏང་གནང་ཡོད། དེ་དག་ཚང་མ་ནི་མི་རྣམས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཕོག་ཚད་ཆུང་དུ་གཏོང་ཆེད་རེད།
ཚེས་23ཉིན་གྱི་སྙན་སེང་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཚེ་སྲོག་སྐྱོབ་པའི་ལས་འགན་ནི་རི་བོ་ཐའེ་ཧྲན་ལས་ཀྱང་ལྕི་བ་ཡོད། འཕེལ་རྒྱས་དང་བདེ་འཇགས་ཀྱི་ལས་དོན་ངེས་པར་དུ་ཐག་གཅོད་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
“ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་དང་འཕྲོད་བསྟེན་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་སྣང་ཆེན་བྱེད་དགོས”
ཁོང་གིས་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བློ་མཐུན་ལ་གཟིགས་བཞིན“བོད་ཀྱིས་ཀྱང་བླང་བྱ་དེ་དག་དོན་འཁྱོལ་ཡག་པོ་བྱེད་དགོས་ལ། རང་བྱུང་གནོད་འཚེ་འགོག་ཟོན་དང་ཐག་གཅོད་བྱེད་པའི་ལས་དོན་ཡང་ཡག་པོ་སྒྲུབ་དགོས”ཞེས་གསུངས་པ་རེད། (མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ་དང་ཧྲེན་ལིན་དང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཞའོ་སུང་དང་ཀྲུའུ་ཅི་ཁྲའེ)
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་24ཉིན་འབྱོར་པའི་གློག་འཕྲིན)