ཉིན་ཤས་གོང་གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་དང་པོ་ནས་ལྔ་པའི་བར་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་14.6ཟིན་ནས་103.2%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་75ཡིས་མཐོ་བ་ཡོད་པ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད།
རང་སྐྱོང་ལྗོངས་ཚོང་དོན་ཐིང་ཕྱི་ཕྱོགས་ཚོང་དོན་ཁྲུའི་ཁྲུའུ་ཀྲང་བདེ་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱིའི་ཆ་ནས་བལྟས་ན། ཟླ་དང་པོ་ནས་ལྔ་པ་བར་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་རྒྱུན་མཐུད་དང་མགྱོགས་མྱུར་འཕར་ནས་མཐའ་མཚམས་ཀྱི་འབོར་ཉུང་ཚོང་དོན་ཟླ་བཞི་པ་ཚུན་གྱི་འཕར་ཚུལ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་ཚོང་དོན་གྱི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་པ་དང་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་དེ་བས་མངོན་གསལ་དོད་པོ་ཡོད་ཅིང་། ཕྱི་ཕྱོགས་ཚོང་དོན་གྱི་ལོ་ཧྲིལ་པོའི་དམིགས་ཚད་འཕར་རྒྱུའི་ལས་འགན་ལེགས་གྲུབ་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད། དེའི་ནང་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་7ཟིན་ནས་48%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་7.6ཟིན་ནས་209.4%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་183.5ཡིས་མཐོ་བ་ཡོད་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྣ་ཁ་ནས་བལྟས་ན། སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར་9ཟིན་ནས་140.0%འཕར་བ་དང་། མཐའ་མཚམས་ཀྱི་འབོར་ཉུང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་རིན་ཐང་སྒོར་དུང་ཕྱུར་5.4(ཚང་མ་ཕྱིར་གཏོང་ཡིན་པ)ཟིན་ནས་74.1%འཕར་བ་དེས་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི་36.8%བཟུང་ཡོད། རྒྱལ་ཁབ་ཁག་གི་ངོས་ནས་བལྟས་ཚེ། འཇར་མན་དང་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་6.3ཟིན་པ་དང་། ནེ་པ་ལ་དང་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་5.7ཟིན་ནས་དུས་མཚུངས་ལས་66.2%འཕར་བ་དེས་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་བསྡོམས་འབོར་གྱི་38.7%བཟུང་ཡོད་པ་རེད།