ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་མི་རིགས་ལས་དོན་གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་ཏེ་མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་སྲོལ་ཡིག》སོགས་ཀྱི་བླང་བྱར་གཞིགས་ནས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ལས་ཀའི་བྱ་ཐབས་ཤུགས་ཆེར་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་མྱུར་པོ་བཏང་ནས་མི་རིགས་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་བཏང་བ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས《དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ལག་ལེན་རྩ་གནད》དོན་འཁྱོལ་ནན་ཏན་བྱས་ནས་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་དམ་འཛིན་ཏན་ཏིག་བྱས་པ་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་ཀྱི་སློབ་གསོ་གཏིང་ཟབ་དང་རྒྱ་ཁྱབ་སྤེལ་བས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟམ་མི་ཆད་པར་ཟབ་ཏུ་སོང་ཡོད།
“རང་རྒྱལ་གྱི་མི་འབོར་མང་ཤོས་ཀྱི་མི་རིགས་སུ་ཡིན་ནམ”“རང་རྒྱལ་དུ་ཁྱོན་མི་རིགས་ག་ཚོད་ཡོད་དམ”ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་སློབ་ཆུང་དུ་གཉེར་བའི“མི་རིགས་མཐུན་སྒྲིལ་སློབ་གྲྭར་སྤེལ་བ་དང་སྤྲོ་སྣང་ལྡན་པའི་ཤེས་བྱའི་འགྲན་བསྡུར”ཞེས་པའི་བརྗོད་དོན་གཙོ་བོའི་ཤེས་བྱའི་འགྲན་བསྡུར་བྱེད་སྒོར་དགེ་སློབ་ཚོའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། སློབ་གྲྭ་དེའི་ལོ་རིམ་བཞི་པའི་སློབ་མ་པད་མ་བདེ་སྐྱིད་ཀྱིས“ང་རང་སློབ་གྲྭས་སྒྲིག་འཛུགས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་བསྡུར་གྱི་བྱེད་སྒོར་ཞུགས་རྒྱུར་དགའ་པོ་ཡོད། ཤེས་བྱའི་འགྲན་བསྡུར་གྱི་བྱེད་སྒོར་ཞུགས་ན་ཤེས་བྱ་མང་པོ་ཞིག་ཤེས་ཀྱི་འདུག དེས་མ་ཚད་མི་རིགས་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ན་གཞི་ནས་ཡར་རྒྱས་ཡོང་བའི་གནས་ལུགས་གསལ་པོ་རྟོགས་བྱུང”ཞེས་བཤད།
མིག་སྔར་ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་སློབ་ཞུགས་གོང་དང་། འོས་འགན་སློབ་གསོ། མཐོ་འབྲིང་དང་ལས་རིགས་སློབ་གསོ་བཅས་ནང་བཅུག་ཡོད། གཞན་ཡང་ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་ཏང་གི་སློབ་གྲྭའི་གསོ་སྦྱོང་དང་ལས་བྱེད་པའི་རེས་སྐོར་གསོ་སྦྱོང་གི་སྦྱོང་དགོས་ངེས་ཀྱི་ནང་དོན་གྲས་སུ་བཅུག་ཡོད། ཞིང་འབྲོག་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་ཤེས་བྱའི་འགྲན་བསྡུར་དང་། རིག་རྩལ་འཁྲབ་སྟོན། སྲིད་ཇུས་གཤམ་སྤེལ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད། མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་བས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་རུ་ཏན་ཏིག་ཕྱིན་ཡོད།
མི་རིཌ་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ནས། ལས་བྱེད་པ་དང་། སློབ་མ། ཞིང་འབྲོག་མང་ཚོགས་བཅས་གཙོ་གནད་དུ་བྱེད་པ་དང་སྐད་བརྡ་འཕྲོད་པ་དང་། རིག་གནས་གསབ་རེས་མཉམ་འདྲེས། བརྩེ་སེམས་ཟབ་པ་བཅས་ལ་སྐུལ་འདེད་གཏོང་རྒྱུ་སྟོན་ཕྱོགས་སུ་བྱས་ནས། མི་རིགས་ཁག་དབར་འདྲ་མཉམ་བསྟུན་མཁས་དང་། ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་བས། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་རོལ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཉིན་བཞིན་ཟབ་ཏུ་སོང་བ་དང་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་རྒྱུན་མཐུད་སྲ་བརྟན་དུ་སོང་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་ཕྱིར་སྐྱོད་པ་དང་ནང་དུ་གདན་དྲངས་པ་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ལྗོངས་ཕྱི་དང་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་ཚོགས་སྒྲིག་རྣམ་པའི་ལྗོངས་ཕྱིའི་ཁྲོམ་ར་ཅན་གྱི་ལས་ཞུགས་ལས་དོན་ཧུར་ཐག་སྤེལ་ཡོད། མིག་སྔའི་བར་བོད་སྐྱོར་ལས་ཞུགས་ལས་གནས་3632གསར་སྤེལ་བྱས་པ་དང་མི་132ལས་ཞུགས་ཐུབ་ནས་ཧུའུ་པེ་ཧོང་ཧྲེ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་ཞུགས་རྟེན་གཞི་བསྐྲུན་ཡོད། ལྗོངས་ཕྱིའི་འདེབས་འཛུགས་དུད་ཆེན་13དང་ལྗོངས་ཕྱིའི་ཕྱུག་འགྱུར་འཇོན་ཐང་ཅན་50དང་ལྷོ་ཁའི་མང་ཚོགས་དང་གྲོགས་པོ་བསྒྲིགས་ཡོད། 2020ལོར་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་རིང་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དངུལ་དངོས་ཞལ་འདེབས་ཧུར་ཐག་བརྒྱབ་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་པའི་མི་སེམས་འགུལ་བའི་ལེའུ་བརྩམས་ཡོད།
བསམ་བློའི་སློབ་གསོའི་རང་འགུལ་དབང་ཆ་སྟངས་འཛིན་བྱས་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“དུས་རྒྱུན་ནས་སྣང་ཆེན་དང་། སྙིང་གཏམ་ཤོད་རྒྱུར་སྣང་ཆེན། བྱ་སྤྱོད་ལ་སྣང་ཆེན། གཞི་རིམ་ལ་སྣང་ཆེན”བཅས་མཐའ་འཁྱོངས་བྱས་ནས། གཞི་རྟེན་ཟམ་མི་ཆད་པར་གསར་གཏོད་དང་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏིང་ཟབ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲག་རྒྱུན་ནང་འདྲེས་པ་དང་རང་འགུལ་བྱ་སྤྱོད་ལ་འགྱུར་བ་བཅས་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་གྱིས་གཟེངས་བསྟོད་ཐོབ་མཁན་རིམ་ཁག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མི་སྒེར་གྱི་འཐུས་མི་སྒྲིག་འཛུགས་བྱས་ནས་མི་རིགས་མཐུན་སྒྲིལ་སྒྲོག་འགྲེལ་རུ་ཁག་བཙུགས་ཏེ་སྒོ་རྩར་ཁྱབ་གདལ་དང་། དུད་ཚང་དུ་སྒྲོག་འགྲེལ། སྙན་ཞུའི་ཚོགས་འདུ། རིག་གནས་གཤམ་སྤེལ་སོགས་ཀྱི་བྱེད་ཐབས་སྤྱད་དེ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། ཀུན་སེམས་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ “མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་དང་ཤེས་བྱ་མཉམ་དུ་སྦྱངས་ནས་མི་རིགས་མཐུན་སྒྲིལ་སེ་འབྲུའི་རྡོག་ལྟར་གཅིག་ཏུ་སྒྲིལ”ཞེས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་དྲ་ཐོག་ཤེས་བྱའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས། མི་རིགས་ཁག་གི་མི་དམངས་ཚོས་འཆམ་མཐུན་མཉམ་གནས་དང་ལྟ་རེས་སྐྱོང་རེས་བྱེད་རིང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ཡོད། བསྡོམས་རྩིས་ལ་གཞིགས་ན། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་ཁྱོན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ(ཚན་པ)5དང་སློབ་གསོའི་རྟེན་གཞི་1བསྐྲུན་པ་དང་། རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ཁུལ(ཚན་པ)1དང་གྲོང་ཁྱེར་རིམ་པའི་སློབ་གསོའི་རྟེན་གཞི་6དང་དཔེ་སྟོན་ཚན་པ(ཚོད་ལྟའི་ཚན་པ)89བསྐྲུན་པ། རྒྱལ་ཁབ་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་མཉམ་སྡེབ་13དང་མི་སྒེར་21ཐོན་པ། རང་སྐྱོང་ལྗོངས་རིམ་པའི་མཉམ་སྡེབ་139དང་མི་སྒེར་230ཐོན་པ། གྲོང་ཁྱེར་རིམ་པའི་མཉམ་སྡེབ་266དང་མི་སྒེར་566ཐོན་ཡོད།
དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་དེ་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་བླང་བྱ་དང་བྱ་ཐབས་ལ་བརྩིས་ནས། མི་རིགས་ཀྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་ཐབས་ནས་བཅོས་སྐྱོང་ཐུབ་པའི་འགན་ལེན་བྱས་ཡོད། ཞིང་ཆེན་ཕྱིའི་གནས་སྡོད་མི་སྣ་དང་ཕྱོགས་མིའི་ཞབས་ཞུ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁོང་ཚོར་ལས་ཞུགས་དང་། སྨན་བཅོས། སློབ་ཞུགས་སོགས་ཐད་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་ཀྱང་བྱས་ཡོད།
ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་མཐའ་འཁྱོངས་ཀྱིས་ཐུན་མོང་ཐོག་རྒྱུན་མཐུད་དར་རྒྱས་གོང་འཕེལ་ཡོང་བར་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སེམས་ནུས་གཅིག་སྒྲིལ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བརྟན་གཏོང་གི་སྲ་ཞིང་བརྟན་པའི་རྨང་གཞི་བརྟན་དུ་བཏང་བ་དང་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འབུངས་སྟོབས་བརྩོན་དང་འབད་འབུངས་མདུན་སྐྱོད་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗིད་ཆེའི་ལེའུ་བརྩམས་ཡོད།