དབུ་ཤོག
  • སྐྲ་ཚོས་བརྒྱབ་དྲགས་ན་སྐྲན་ནད་ཕོག་ཉེན་འདུག་པས……

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-06-21

    ན་སོ་རྒས་པ་དང་སྦྲགས། ངོ་གདོང་ལ་གཉེར་མ་མང་དུ་འགྲོ་ཡི་ཡོད་པས། མི་རྣམས་ལ་རྒས་པའི་སྣང་བ་ཞིག་ངང་གིས་ཡོང་གི་ཡོད། ལྷག་པར་དུ་དབུ་སྐྲ་སི་ལིང་ལྗང་པ་འདྲ་བ་དེ་དཀར་པོར་འགྱུར་ཕྱིན་པ་ཡིན་ན། ཤིན་ཏུ་རྒས་པའི་སྣང་བ་ཞིག་སྟེར་གྱི་ཡོད། དེར་བརྟེན། མི་མང་པོ་ཞིག་གིས་སྐྲ་ཚོས་བརྒྱབ་ནས་ཆུང་བཟོ་དོད་དུ་གཏོང་གི་ཡོད། འོན་ཀྱང་སྐྲ་ཚོས་བརྒྱབ་དྲགས་ན་སྐྲན་ནད་ཕོག་ཉེན་ཆེན་པོ་འདུག གང་ཡིན་ཟེར་ན། 

    པེ་ཅིང་སློབ་ཆེན་སྐྲན་ནད་སྨན་ཁང་གི་ཞིབ་འཇུག་བྱས་འབྲས་ཤིག་ལས། ལོ་ལྟར་སྐྲ་ཚོས་ཐེངས་8ཡན་རྒྱག་མཁན་ནམ། སྐྲ་ཚོས་བརྒྱབ་ནས་ལོ་25ཡན་སོང་བའི་བུད་མེད་ཚོར་རྨེན་སྐྲན་ཕོག་པའི་ཉེན་ཁ་མི་གཞན་ལས་ལྡབ་3གྱིས་མཐོ་བ་ཡོད། ལྷག་པར་དུ་ཚོས་ཡུན་རིང་པོ་གནས་ཐུབ་པའི་སྐྲ་ཚོས་རྒྱག་མཁན་ཚོར་རྨེན་སྐྲན་ཕོག་པའི་ཉེན་ཁ་དེ་བས་མཐོ་བ་ཡོད་པ་མངོན་ཡོད། 

    དེ་ཡང་དུས་ཡུན་རིང་པོ་གནས་ཐུབ་པའི་སྐྲ་ཚོས་དེ་ཚོ་རྫས་འགྱུར་གི་དངོས་པོས་བཟོས་པ་ཤ་སྟག་རེད། རྒྱུན་རིང་པོ་གནས་པའི་ཚོས་དེ་དག་གི་ཁྲོད་སྤྱིར་ན་ཨན་དང་། ཀོ་ཡང་ཧྭ་ཆིང་། ཏུས་པན་ཨར་ཨན་སོགས་རྫས་འགྱུར་དངོས་རྫས་གསུམ་འདུས་ཡོད། དེའི་ཁྲོད་ཀྱི་ཀོ་ཡང་ཧྭ་ཆིང་དང་ཏུས་པན་ཨར་ཨན་གྱི་འདུས་ཚད་མཐོ་པོ་ཡོད་ན་སྐྲན་ནད་ཕོག་པའི་ཉེན་ཁ་ཡོད། རང་རྒྱལ་གྱི《བྱུག་རྫས་ཀྱི་འཕྲོད་བསྟེན་ཚད་གཞི》ལས། སྐྲ་ཚོས་ནང་ཏུས་པན་ཨར་ཨེན་འདུས་ཚད་མཐོ་ཤོས་6%ལས་བླུག་མི་ཆོག་པ་དང་། དེ་ལས་བརྒལ་ཚེ་སྐྲན་ནད་ཕོག་པའི་ཉེན་ཁ་ཡོད་པ་འཁོད་ཡོད། 

    རྟག་ཏུ་སྐྲ་ཚོས་བརྒྱབ་ན་གཟུགས་པོར་གནོད་འཚེ་གང་ཡོད་དམ་ཞེ་ན། གཟུགས་པོར་མ་འཕྲོད་པ་དང་། ལྕགས་རིགས་ལྕི་གྲས་ཀྱི་དུག་ཕོག་པ། སྐྲ་འབུད་པ། སྐྲན་ནད་ཕོག་པའི་ཉེན་ཁ་བཅས་ཡོད། 

    སྐྲ་ཚོས་རྒྱག་སྐབས་དོ་སྣང་བྱེད་དགོས་པ་དྲུག

    དང་པོ། ཚད་ལོན་པའི་སྐྲ་ཚོས་ཉོ་དགོས་པ། 

    མི་མང་པོ་ཞིག་གིས་དྲ་བའི་ཐོག་ནས་སྐྲ་ཚོས་ཉོས་ཏེ་རང་ཉིད་ཀྱིས་སྐྲ་ཚོས་རྒྱག་གི་ཡོད་པས། སྐྲ་ཚོས་ཉོ་དུས་རིན་གོང་ཁོ་ནར་མ་བལྟས་པར་སྤུས་ཀར་ལྟ་དགོས། 

    གཉིས་པ། མགོ་བོའི་པགས་པར་རྨ་བཟོས་ཡོད་ན་སྐྲ་ཚོས་རྒྱག་རྒྱུ་མེད།

    མགོ་བོའི་པགས་པར་རྨ་བཟོས་པའམ་ཡང་ན་ཐོར་པ་བརྡོལ་བ་སོགས་བྱས་ཡོད་ན། སྐྲ་ཚོས་གཏན་ནས་རྒྱག་རྒྱུ་མེད། གང་ཡིན་ཟེར་ན། སྐྲ་ཚོས་ཁྲོད་ཀྱི་རྫས་འགྱུར་དངོས་པོ་རྨ་ཁ་ནས་མིའི་གཟུགས་པོའི་ནང་འཛུལ་ནས་བདེ་ཐང་ལ་གནོད་འཚེ་ཆེན་པོ་བཟོ་གི་ཡོད། 

    གསུམ་པ། སྐྲ་ཚོས་མ་བརྒྱབ་གོང་རང་ཉིད་ལ་འཕྲོད་ཀྱི་ཡོད་མེད་ལྟ་དགོས། 

    མི་མང་པོས་སྐྲ་ཚོས་རྒྱག་སྐབས་གཟུགས་པོར་འཕྲོད་ཀྱི་ཡོད་མེད་ལ་སྣང་བ་གཏོང་གི་མེད། འོན་ཀྱང་སྐྲ་ཚོས་ཀྱི་རྫས་འགྱུར་དངོས་པོ་མང་པོ་པགས་པར་འཕྲོད་ཀྱི་མེད་པས། ཚོས་མ་བརྒྱབ་གོང་ལག་པའི་སྟེང་དང་རྣ་རྒྱབ་ཏུ་ཏོག་ཙམ་བྱུགས་ནས་འཕྲོད་མིན་ལ་ལྟ་དགོས། 

    བཞི་པ། སྐྲ་ཚོས་བརྒྱབ་རྗེས་མགོ་འཁྲུ་དགོས། 

    སྐྲ་ཚོས་བརྒྱབ་རྗེས་མགོ་འཁྲུ་རྒྱུ་མི་བརྗེད་པ་བྱེད་དགོས། མགོ་བཀྲུས་ན་སྐྲའི་སྟེང་ལུས་པའི་ཚོས་དག་པ་མ་ཟད། ད་དུང་དེའི་དྲི་མ་ཡལ་འགྲོ་གི་ཡོད། 

    ལྔ་པ། རང་ཉིད་ཀྱིས་སྐྲ་ཚོས་བརྒྱབ་ན་གསལ་འགྲེལ་ལ་ཡག་པོ་ལྟ་དགོས། 

    གལ་སྲིད་རང་སོ་སོས་ཚོས་བརྒྱབ་ཚེ་ངེས་པར་དུ་གསལ་བཤད་ཡི་གེ་བཞིན་རྒྱག་དགོས་པ་ལས། སྦྱོར་བ་མི་འདྲ་བ་གཉིས་མཉམ་དུ་བྱུག་མི་ཉན་ལ། ཚོས་དུས་ཡུན་རིང་པོ་གནས་པའི་ཆེད་དུ་སྐྲ་ཚོས་བྱུགས་ནས་ཡུན་རིང་པོ་འཇོག་མི་ཉན། 

    དྲུག་པ། མི་འདི་དག་གིས་རབ་བྱུང་ན་སྐྲ་ཚོས་རྒྱག་རྒྱུ་མེད། 

    སྦྲུམ་མ་དང་། ཁྲག་ཤེད་མཐོ་བ། ཕྲུ་གུར་འོ་མ་སྟེར་མཁན། དབུགས་འཚང་ནད་ཕོག་པ་བཅས་ཀྱིས་རབ་བྱུང་ན་སྐྲ་ཚོས་ཡེ་ནས་རྒྱག་རྒྱུ་མེད། དེ་མིན་ན་ཕྲུ་གུའི་འཚར་ལོངས་དང་རང་ཉིད་ཀྱི་སྨན་བཅོས་བཅས་ལ་ཤུགས་རྐྱེན་ཐེབས་སྲིད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།