དབུ་ཤོག>གསར་འགྱུར།
  • ཕུགས་འདུན་དོན་གཉེར་ལམ་བུའི་ཐོག རླུང་གཡོར་བསྒྲེངས་ནས་མདུན་དུ་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-09

    626108_yis_1623168000000_s.jpg

    འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་རྒྱུགས་རའི་ཕྱི་རོལ་གྱི་ལམ་གཤོང་བཞིན་པ།

    ཟླ་6ཚེས་7ཉིན་ནི་2021ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཀྱི་ཉིན་དང་པོ་ཡིན་ཞིང་། དེ་ཉིན་རང་ལྗོངས་ཀྱི་སློབ་མ་ཁྲི་ཕྲག་གིས་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་རྒྱུགས་རའི་ནང་འཛུལ་ནས་ཕུགས་འདུན་དོན་གཉེར་བྱེད་བཞིན་མཆིས།

    ཡིག་རྒྱུགས་གཏོང་བར་ད་དུང་ཆུ་ཚོད་1ལྷག་ཙམ་ཡོད་པའི་ཞོགས་པའི་ཆུ་ཚོད་7དང་སྐར་མ་30ཡི་ཐོག་ལྷ་ས་མངའ་རིས་མཐོ་རིམ་སློབ་འབྲིང་གི་སྒོ་འགྲམ་དུ་རྒྱུགས་རར་འཛུལ་གྲབས་ཡོད་པའི་རྒྱུགས་སྤྲོད་སློབ་མ་བརྒྱ་ཕྲག་ཁ་ཤས་གྲལ་སྟར་བསྒྲིགས་ནས་བསྡད་འདུག གསར་འགོད་པར་རྒྱུགས་སྤྲོད་སློབ་མ་ཉི་མ་ལྷ་མོས“དངངས་སྐྲག་རྩ་བ་ནས་མེད་པ་མ་རེད། གང་ཡིན་ཟེར་ན་མཐོ་རྒྱུགས་ནི་ང་ཚོའི་མི་ཚེའི་ནང་གི་དོན་ཆེན་ཞིག་རེད། འོན་ཀྱང་ངས་བལྟས་ན་དངངས་སྐྲག་ཅུང་ཟད་ལངས་ཀྱང་སེམས་བཞག་མཁས་པོ་བྱས་ན་རང་ཉིད་ཀྱིས་སྔོན་དཔག་བྱས་པའི་འབྲས་བཟང་སྨིན་ངེས་རེད། ངའི་རྒྱུན་གཏན་གྱི་སྦྱངས་འབྲས་ཅུང་ཡག་ཙམ་ཡོད་པས་ད་ཐེངས་གྲུབ་འབྲས་ཡག་པོ་ཐོབ་པའི་ཡིད་ཆེས་ཡོད། ང་སེམས་ལྷོད་ལྷོད་ངང་ཡིག་རྒྱུགས་ཡག་པོ་ཞིག་གཏོང་ཆེད་ཕ་མ་གཉིས་ཀ་ཕ་ཡུལ་མངའ་རིས་ནས་ལྷ་སར་སླེབས་བྱུང”ཞེས་བརྗོད་བྱུང་། ཉི་མ་ལྷ་མོ་ནི་ལྷ་ས་མངའ་རིས་མཐོ་རིམ་སློབ་འབྲིང་གི་སློབ་མ་ཞིག་ཡིན་ཞིང་། མཐོ་རྒྱུགས་སྐབས་ཁོང་སེམས་ལྷོད་ལ་ཡིད་ཆེས་ཀྱིས་ཁེངས་འདུག

    ལྷ་ས་མངའ་རིས་མཐོ་རིམ་སློབ་འབྲིང་ནི་ཡུལ་གཞན་དུ་བཙུགས་པའི་མཐོ་འབྲིང་ཞིག་རེད། མངའ་རིས་ས་ཁུལ་གྱི་གནམ་གཤིས་ཆ་རྐྱེན་ཞན་ལ་འགྲིམ་འགྲུལ་ཡང་སྟབས་བདེ་མེད་པས་ས་གནས་དེ་གའི་སློབ་མ་ཚོར་སློབ་གསོ་དེ་བས་ལེགས་པ་ཐོབ་ཆེད། 2014ལོར་སློབ་གྲྭ་དེ་མངའ་རིས་ས་ཁུལ་ནས་ལྷ་སར་སྤོས་པ་རེད། སློབ་གྲྭ་དེར་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་ཚོ་ལོ་གཅིག་ལ་ཁྱིམ་དུ་ཐེངས་གཅིག་ལས་ལོག་ཐུབ་ཀྱི་མེད་པས་སློབ་གྲྭའི་དགེ་རྒན་དང་སློབ་གྲོགས་ཚོའི་ངོས་ནས་བརྗོད་ན་སློབ་གྲྭ་ནི་ཁྱིམ་ཚང་ཆེན་པོ་ཞིག་དེ་བས་ཡིན་པས་ཚང་མ་ཕན་ཚུན་བརྩེ་སེམས་ཟབ་མོ་ཡོད། རྒྱུགས་རར་འཛུལ་གྲབས་ཡོད་པའི་སློབ་མ་ཚོར་ངར་ཤུགས་སྤྲོད་ཆེད་སློབ་གྲྭར་ཡོད་པའི་དགེ་རྒན་དང་མཐོ་འབྲིང་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་ཚོས་ཞོགས་པ་སྔ་པོ་ནས་ལངས་ཏེ་འགྲོ་ལམ་གྱི་གཞོགས་གཡས་གཡོན་གཉིས་སུ་ལངས་ནས་སྐད་གསང་མཐོན་པོས“མཐོ་རྒྱུགས་ལ་ཤུགས་རྒྱོབ”ཅེས་འབོད་སྐབས་རྒྱུགས་སྤྲོད་སློབ་མ་ཚོས་ཀྱང་ཐལ་མོ་རྡེབ་རེས་དང་ཐམ་འཁྱུད་བྱེད་ཀྱི་ཡོད།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་རྒྱབ་ལྗོངས་འོག་མཐོ་རྒྱུགས་ནི་སློབ་མ་ཁྲི་སྟོང་མང་པོའི་མཉམ་རྒྱུགས་ཤིག་རེད་ལ་སྤྱི་ཚོགས་ཡོངས་ཀྱི་ཡིག་རྒྱུགས་ཤིག་ཀྱང་རེད།

    རྒྱུགས་སྤྲོད་སློབ་མ་སྐྱེལ་བར་ཡོང་མཁན་དགེ་རྒན་ཚོ་དང་བསྡུར་ཚེ་ལས་དོན་སྒྲུབ་བཞིན་པའི་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་སྦག་སྦག་སྐོར་ཞིབ་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ་ཚོ་ལས་བྲེལ་དེ་བས་ཆེ། གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་སྦག་སྦག་སྐོར་ཞིབ་རུ་ཆེན་གྱི་རུ་མི་ལིའུ་ཅིང་གིས“ཞོགས་པའི་ཆུ་ཚོད་བདུན་པ་མ་ཟིན་གོང་ནས་ལས་ཀར་ཡོང་བ་ཡིན། རྒྱུགས་རའི་ཉེ་འཁོར་དུ་འཕྲུལ་འཁོར་གྱི་དུང་བརྡ་སྒྲོག་མི་ཆོག་པའི་མཚོན་རྟགས་བཞག་པ་དང་འབྲེལ། འགྲིམ་འགྲུལ་ཤར་གཏོང་ལ་འགོག་རྐྱེན་བཟོ་མཁན་གཙང་སེལ་བྱས་ཏེ་རྒྱུགས་རའི་ཉེ་འཁོར་གྱི་འགྲོ་ལམ་ཤར་གཏོང་ཐུབ་པ་དང་། རླངས་འཁོར་དང་མི་སྣ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཤར་གཏོང་ཐུབ་པ་བྱས་པ་ཡིན། རྒྱུགས་སྤྲོད་སློབ་མ་ཚོར་ཐོལ་བྱུང་གི་གནས་ཚུལ་མ་ཐོན་སྔོན་འགོག་བྱ་ཆེད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་རྒྱུགས་རའི་ཕྱི་རོལ་དུ་སྦག་སྦག་གཉིས་རེ་བཀོད་སྒྲིག་བྱས་ཡོད”ཅེས་བཤད།

    ཆུ་ཚོད་8པ་ཏག་ཏག་ལ་སློབ་མ་ཚོས་ཚ་བ་ལྟ་བ་དང་། ལག་པར་དུག་སེལ་བྱེད་པ། དེ་བཞིན་ཁ་རས་གསར་པ་བརྗེ་བ་བཅས་བྱས་རྗེས་ངོ་བཤེར་བརྒྱུད་རྒྱུགས་རར་སྐྱོད་འགོ་ཚུགས། ངོ་བཤེར་གྱིས་རྒྱུགས་སྤྲོད་སློབ་མ་ཚོ་རྒྱུགས་རར་བསྐྱོད་པའི་དུས་ཚོད་གྲོན་ཆུང་ཐུབ་པ་མ་ཟད། ཐོབ་ཐང་ལག་ཁྱེར་དང་། རྒྱུགས་སྤྲོད་ལག་ཁྱེར། ངོ་གདོང་བཅས“བསྡུར་བ་གསུམ”གནད་ལ་འཁེལ་ཚད་ཇེ་མཐོར་སོང་ཡོད། རྒྱུགས་སྤྲོད་སློབ་མ་འབྱོར་ཐོ་འགོད་སྐབས་ཐོབ་ཐང་ལག་ཁྱེར་རྒྱུགས་རའི་ལས་དོན་པར་སྤྲད་པ་དང་འབྲེལ་ཐོབ་ཐང་ཞིབ་བཤེར་གྱི་ངོ་བཤེར་སྒྲིག་ཆས་ཀྱི་མདུན་དུ་ལངས་ཚེ་སྐར་ཆ་གཉིས་ཀྱང་མི་འགོར་བར་རྒྱུགས་སྤྲོད་སློབ་མའི་མིང་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། རྒྱུགས་སྤྲོད་ལག་ཁྱེར་གྱི་ཨང་གྲངས་སོགས་ཀྱི་ཆ་འཕྲིན་མངོན་གྱི་ཡོད། ལྷ་ས་མངའ་རིས་མཐོ་རིམ་སློབ་འབྲིང་གི་སློབ་སྤྱི་གཞོན་པ་རེན་ཁང་ཡོན་གྱིས“སློབ་མ་ཚོ་རྒྱུགས་རར་མགྱོགས་པོ་འཛུལ་ཐུབ་ཆེད་འདི་ལོ་ང་ཚོའི་རྒྱུགས་ར་འདིར་ཐོབ་ཐང་ཞིབ་བཤེར་བགྲོད་ལམ་9བཙུགས་པའི་ཁྲོད་མི་ཐབས་ཞིབ་བཤེར་བགྲོད་ལམ་གཅིག་བཀོད་སྒྲིག་བྱས་ཡོད། རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་གྱི་ནུས་པ་ཤོར་བ་སོགས་མི་ཐོན་སྔོན་འགོག་བྱས་ཡོད”ཅེས་བཤད།

    ཉིན་དགུང་གི་ཆུ་ཚོད་11དང་སྐར་མ་30ཡི་ཐོག་དྲིལ་བརྡ་གསལ་པོ་ཞིག་དང་སྦྲགས་2021ལོའི་རང་ལྗོངས་ཀྱི་མཐོ་རྒྱུགས་ཀྱི་རྒྱུགས་ཐེངས་དང་པོ་མཇུག་འགྲིལ་ཞིང་། རྒྱུགས་སྤྲོད་སློབ་མ་སྒུག་ནས་སྡོད་མཁན་ཁྱིམ་བདག་ཚོས་རྒྱུགས་ར་ནས་དོན་ཡོང་མཁན་སློབ་མའི་ཁྲོད་ནས་རང་ཉིད་ཀྱི་ཕྲུ་གུ་འཚོལ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།