དབུ་ཤོག>གསར་འགྱུར།
  • རྫ་ཆུའི་ངོགས་སུ་བཞད་པའི“བདེ་སྐྱིད་མེ་ཏོག”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-08

    སྨར་ཁམས་རྫོང་གི་ཡུན་བོད་ལམ་རྒྱུད་དུ་ཆགས་པའི་རྨོག་ཤོད་ཤང་དང་། འཇང་མི་རིགས་ཤང་། ཆུ་ཚན་ཁ་ཤང་བཅས་ནི་སྔ་ཕྱི་བར་གསུམ་དུ་མི་རིགས་མང་པོ་འདུས་སྡོད་ཀྱི་བདེ་སྐྱིད་ལྡན་པའི་གནས་ཤིག་རེད། མི་རིགས་ཁག་དབར་མཐུན་སྒྲིལ་མཉམ་གནས་དང་གཉིས་བཀུར་གཉིས་རོགས་བྱས་པའི་མཚན་སྙན་ལྗོངས་ཕྱི་ནང་གང་སར་གྲགས། ལྷག་དོན་དུ་འཇང་མི་རིགས་ཤང་འདི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་སློབ་གསོའི་རྟེན་གཞི་གཙོ་བོ་ཞིག་ལ་བརྩིས་ནས་འཛུགས་སྐྲུན་བྱས་ཡོད།

    པའེ་རིགས་ཀྱི་ཕོ་གཞོན་བོད་ཁྱིམ་གྱི་མག་པར་གྱུར་པ།

    དབྱར་དུས་སུ་རྨོག་ཤོད་ཤང་སློབ་ཆུང་ནས་བྱ་བྱིའུ་ཡི་གསུང་སྐད་སྙན་པོ་དང་སློབ་ཁང་ནས་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་སྒྲོག་ཅིང་། ལེ་ཡུན་ཁྲུན་གྱིས་འདི་གར་ལོ་15ཙམ་འཚོ་བ་བསྐྱལ་ནས་བསྡད།

    ཡུན་ནན་ཞིང་ཆེན་ས་དམ་ནས་ཡིན་པའི་ལེ་ཡུན་ཁྲུན་སློབ་གྲྭ་ཐོན་རྗེས་རྨོག་ཤོད་ཤང་སློབ་ཆུང་གི་དགེ་རྒན་བྱས། ལོ་བཅུ་ལྷག་ཙམ་རིང་སློབ་མ་མང་པོ་སློབ་གྲྭ་ནས་ཐོན་པ་དང་དགེ་རྒན་ཡང་ཁག་མང་པོ་བརྗེས་མོད། འོན་ཀྱང་ཁོང་གིས་སློབ་གྲྭའི་ལུས་རྩལ་ཐང་འགྲམ་གྱི་ཤུག་པ་དང་འདྲ་བར་རང་གི་ལས་གནས་བརྟན་སྲུང་བྱས། དེ་གར་ལེ་ཡུན་ཁྲུན་གྱིས་བརྗེད་པར་དཀའ་བའི་སློབ་མ་ཡོད་ལ། ད་དུང་དྲོ་སྐྱིད་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཡང་ཡོད།

    བསོད་ནམས་དབང་མོ་དང་དགའ་གྲོགས་ལོ་6ཙམ་བསྒྲིགས་རྗེས། 2012ལོར་ལེ་ཡུན་ཁྲུན་གྱིས་ཁས་ལེན་ཨེ་ཡོང་སྙམ་ནས་ཕྱོགས་གཉིས་པོའི་ཕ་མར་གཉེན་སྒྲིག་བྱེད་རྩིས་ཡོད་པའི་སྐོར་བརྗོད། བསམ་ཡུལ་ལས་འདས་པར་ཕྱོགས་གཉིས་པོའི་ཕ་མས་མོས་མཐུན་བྱས། ཡུན་རིང་མ་སོང་བར་ཁོང་ཚོས་རྨོག་ཤོད་ཤང་དུ་བོད་རིགས་ཀྱི་ལུགས་སྲོལ་ལྟར་གཉེན་སྒྲིག་མཛད་སྒོ་བཤམས།

    ཁྱིམ་ཚང་གཅིག་ཏུ་གྱུར་རྗེས་ལེ་ཡུན་ཁྲུན་གྱིས་ཐོག་མར་སེལ་དགོས་པའི་གནད་དོན་ནི་བཟའ་ཟླའི་ཕ་མ་གཉིས་དང་སྐད་ཆ་ཤོད་སྐབས་ཕན་ཚུན་གོ་བརྡ་མི་འཕྲོད་པ་དེ་རེད། “ང་དང་བཟའ་ཟླ་ཐོག་མར་མཉམ་དུ་འཚོ་བ་སྐྱེལ་སྐབས་བཟའ་ཟླས་ང་དང་སྒྱུག་ཕོ་སྒྱུག་མོའི་དབར་ལ་སྐད་སྒྱུར་བྱེད་དགོས་པས་སྤེལ་རེས་དེ་འདྲ་བྱེད་དུས་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག”ལེ་ཡུན་ཁྲུན་གྱིས་ངས་བོད་ཡིག་མཐར་ཕྱིན་པ་སྦྱངས་པ་མ་ཟད། སྒྱུག་ཕོ་སྒྱུག་མོར་ཡང་རྒྱ་སྐད་བསླབ་ཐུབ་པ་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན་ཞེས་བཤད།

    སློབ་གྲྭར་ལེ་ཡུན་ཁྲུན་གྱིས་བོད་རིགས་དགེ་རྒན་ས་ནས་བོད་ཡིག་གི་སྒྲ་གདངས་དང་སྐད་བརྡ་སྦྱངས་པ་དང་ཁྱིམ་དུ་ཁོང་གིས་བཟའ་ཟླ་དང་བོད་སྐད་ཐོག་ནས་སྤེལ་རེས་བྱེད་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད། དུས་ཡུན་རིང་པོ་སློབ་སྦྱོང་བྱས་པ་བརྒྱུད་ལེ་ཡུན་ཁྲུན་གྱིས་བོད་སྐད་རྒྱག་སྟངས་རིམ་བཞིན་ཤེས་ནས་ནང་མི་དང་གཤིབ་བདེ་རུ་ཕྱིན་ཡོད།

    ཇ་བསྲུབས་མར་དགའ་བའི་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན།

    2004ལོའི་ཟླ་7པར་ཀུའེ་ཀྲོའུ་དགེ་འོས་སློབ་ཆེན་ནས་ཐོན་པའི་ཀྲང་ཝུའེ་བོད་དུ་ལས་ཀ་བྱེད་པར་འོང་། ལོ་2སོང་རྗེས་སྨར་ཁམས་ཚྭ་ཁ་ལྷོར་ལས་སྒྱུར་བྱས་ནས་གནས་སྡོད་སློབ་ཁྲིད་བརྟག་ཞིབ་བྱས། དེ་ནས་ཡུན་རིང་ཙམ་སོང་རྗེས་ངོ་གདོང་ཅུང་ནག་ལ་གད་མོ་དགོད་རྒྱུར་དགའ་བའི་ཀྲང་ཝུའེ“ས་གནས་དེ་གའི་མིར”གྱུར།

    ཀྲང་ཝུའེ་ནི“ས་གནས་དེ་གའི་མི་ཡིན”ཞེས་བརྗོད་དོན་ནི་ཁོང་གིས་སྨར་ཁམས་སུ་ལོ་མང་པོ་བསྡད་པས་རེད་ལ། ཁོང་ལ་དེ་ག་ནས་རང་གི་མི་ཚེའི་གཏན་གྲོགས་ཀྱང་རག་པས་རེད།

    ཀྲང་ཝུའེ་ཡི་བཟའ་ཟླ་པད་མ་དབང་མོ་ནི་ཚྭ་ཁ་ལྷོའི་སློབ་ཆུང་གི་རྒྱ་ཡིག་དགེ་རྒན་ཞིག་རེད། ཁོང་གཉིས་ལོ་མང་དགའ་གྲོགས་བསྒྲིགས་པ་བརྒྱུད་འཆམ་མཐུན་བྱུང་ནས་གཉེན་སྒྲིག་བྱས།

    “སྒྱུག་ཕོ་སྒྱུག་མོ་གཉིས་ཀྱིས་ཚང་མ་ཁྱིམ་ཚང་གཅིག་ཡིན་པས་གཉེན་སྒྲིག་བྱས་རྗེས་ཕན་ཚུན་བསྐྱངས་ཏེ། བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་ནང་མི་ཚང་མས་འབད་བརྩོན་བྱེད་དགོས་པའི་ངོས་འཛིན་བྱེད་པར”ཀྲང་ཝུའེ་ཡིས་སྒྱུག་ཕོ་སྒྱུག་མོར་ཐོག་མཐའ་བར་གསུམ་དུ་ཐུགས་རྗེ་ཆེ་ཞུ་བའི་སེམས་པ་ཞིག་བཅངས།

    གཉེན་སྒྲིག་བྱས་རྗེས་ཕན་ཚུན་ལོ་མང་གཤིབ་པ་བརྒྱུད། ཀྲང་ཝུའེ་ཡི་སྒྱུག་ཕོ་སྒྱུག་མོ་གཉིས་ཀྱང་ཁ་ཚ་ལ་ཞག་ཚིལ་ཆེ་བའི་ཀུའེ་ཀྲོའུ་ཡི་ཚལ་རྔོས་མར་རིམ་བཞིན་དགའ་པོ་བྱེད་པ་དང་། རང་ཉིད་ཀྱང་ཇ་བསྲུབས་མ་དང་རྩམ་པར་དགའ་པོ་ཡོད། སྐབས་རེ་སྒྱུག་ཕོ་སྒྱུག་མོར་ཇ་བསྲུབས་མ་དང་སྤགས་གཡོ་རོགས་ཞེས་ཞུ་ཡི་ཡོད་ཅེས་བཤད།

    མི་རིགས་མང་པོ་མཉམ་འདྲེས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེ་མོ།

    ལོ་ཟླ་ཡུད་ཙམ་ལ་འདས། འཁྱུག་ཙམ་ཞིག་ལ་ཚེ་རིང་ཉི་འཛིན་དང་ཟླ་བོ་གཉེན་སྒྲིག་བྱས་ནས་ལོ་20ལྷག་ཙམ་སོང་། ཚོམས་ཆེན་གྱི་མངོན་གསལ་དོད་སར“ཆབ་མདོ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་ཁྱིམ་ཚང”དང“སྨར་ཁམས་རྫོང་གི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར”གྱི་བྱས་རྗེས་གཟེངས་རྟགས་བཀལ་ཡོད།

    འཇང་མི་རིགས་ཤང་འཇང་མི་རིགས་གྲོང་ཚོར་སྐྱེས་པའི་ཚེ་རིང་ཉི་འཛིན་ནི་འཇང་རིགས་ཡིན་པ་དང་འཇང་མི་རིགས་ཤང་ཚྭ་ཁ་ལྷོ་གྲོང་ཚོར་སྐྱེས་པའི་ཁོང་གི་ཟླ་བོ་ནི་བོད་རིགས་རེད།

    སྐབས་དེ་དུས་ཁོང་གཉིས་པོ་མི་གཞན་གྱིས་ངོ་སྤྲོད་བྱས་པ་བརྒྱུད་ངོ་ཤེས། གཉེན་སྒྲིག་བྱས་རྗེས་ཁོང་གཉིས་ཕན་ཚུན་བརྩེ་ཞེན་ཆེ་རུ་ཕྱིན་མོད། འོན་ཀྱང་བོད་རིགས་དང་འཇང་རིགས་གཉིས་སྐད་བརྡ་དང་། གྱོན་གོས། གོམས་གཤིས་སོགས་ཐད་ཁྱད་པར་ཡོད་པས། གཉེན་སྒྲིག་བྱས་མ་ཐག་པའི་བཟའ་ཚོ་གཉིས་པོས་བོད་རིགས་ཀྱི་གྱོན་ཆས་སྤྲས་རྒྱུའམ་ཡང་ན་འཇང་རིགས་ཀྱི་གྱོན་ཆས་སྤྲས་རྒྱུའི་ཐད་མི་མཐུན་པ་བྱུང་།

    འོན་ཀྱང་ལོ་མང་རིང་ཁོང་གཉིས་པོས་ཕན་ཚུན་བསམ་ཤེས་དང་བཟོད་སྒོམ་བྱས་ནས་རིག་གནས་དང་གོམས་གཤིས་མི་འདྲ་བའི་ཐད་མི་མཐུན་པ་བྱུང་མེད། དེ་བས་དོན་སྙིང་ལྡན་པ་ཞིག་ལ་ཚེ་རིང་ཉི་འཛིན་གྱི་གཅེན་པོས་ཧུད་རིགས་གཞོན་ནུ་མ་ཞིག་མནའ་མར་བསུས་པ་དང་ཁོང་གི་གཅུང་པོས་རྒྱ་རིགས་གཞོན་ནུ་མ་ཞིག་མནའ་མར་བསུས། ཁོང་ཚོ་ཁྱིམ་ཚང་ཆེན་པོ་དེའི་ནང་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་ངང་འཚོ་བ་སྐྱེལ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།