དབུ་ཤོག
  • ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་གསར་ཤོས་ཀྱི་དོན་གནད་དྲུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-25

    དེང་སྐབས་གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ཏོག་གསར་རིམས་ནད་ཀྱི་གཏན་འཁེལ་ནད་དཔེ་དུང་ཕྱུར་1.6ལྷག་ཙམ་ཟིན་པ་དང་། རྒྱལ་ཁབ་ཁག་གཅིག་གི་རིམས་ནད་ཇེ་ལོད་དུ་སོང་བ་དང་ངོ་བོ་འགྱུར་བའི་ནད་དུག་ཡང་སེ་ཐོན་པས། རིམས་ནད་ཕྱི་ནས་འགོ་བའི་ཉེན་ཁ་ཧ་ཅང་ཆེ་རུ་ཕྱིན་ཡོད། ས་གནས་ཁག་གིས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས《ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི(པར་གཞི་ཐེངས་བརྒྱད་པ)》བཀྲམ་ནས་བཀོད་སྒྲིག་བྱས་པ་རེད།

    མི་དང་དངོས་ཟོག་གཉིས་ཀ་བཤེར་ནས་རིམས་ནད་ཕྱི་ནས་མི་འགོ་བར་བྱེད་དགོས།

    རིམས་ནད་ཕྱི་ནས་མི་འགོ་བའི་སྲིད་ཇུས་དང་བྱེད་ཐབས་བཟོ་བཅོས་བརྒྱབ་ནས་འཐུས་ཚང་དུ་བཏང་སྟེ། མི་དང་དངོས་ཟོག་གཉིས་ཀ་བཤེར་རྒྱུ་མཐའ་འཁྱོངས་བྱས་ནས་ནང་འདྲེན་གྲང་ཕྲེང་ཟས་རིགས་དང་དངོས་ཟོག་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས་ལུགས་གསལ་པོར་བསྟན་ཡོད། གཙོ་གནད་དུས་མཚམས་དང་། གཙོ་གནད་ས་ཁུལ། གཙོ་གནད་མི་ཚོགས་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ནང་གི་རིམས་ནད་བསྐྱར་ལོག་མི་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    གཞན་ཡང་ཇུས་གཞིའི་ནང་། མི་དང་། དངོས་ཟོག ཁོར་ཡུག་བཅས་ལ་ལྟ་ཞིབ་ཚད་ལེན་མཐའ་འཁྱོངས་བྱས་ནས། སྨན་བཅོས་སྒྲིག་གཞིའི་སྨན་བཅོས་བྱེད་མཁན་དང་། ཉེན་ཁ་ཆེ་བའི་ལས་རིགས་ཀྱི་མི་ཚོགས། གཙོ་གནད་མི་ཚོགས། གཙོ་གནད་སྒྲིག་གཞི་སོགས་ཀྱི་རིམས་ནད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་དུས་ཐོག་ཏུ་ཤེས་རྟོགས་དང་སྙན་སེང་ཞུ་དགོས། ནད་ཀྱི་འབྱུང་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནད་དུག་གི་ངོ་བོ་འགྱུར་ཚུལ་ལ་སྒུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་པ། ངོ་བོ་འགྱུར་བའི་ནད་དུག་གིས་ནད་ཀྱི་འབྱུང་ཁུངས་ལྟ་དཔྱད་ཚད་ལེན་དང་རིམས་འགོག་སྨན་ཁབ་ཀྱི་སྲུང་སྐྱོང་གི་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་མིན་ཤེས་རྟོགས་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ལོགས་སྡོད་བྱེད་མཚམས་འཇོག་པར་ཚོད་སྨན་མི་འདྲ་བ་སྤྱད་དེ་མ་དཔེ་གཉིས་ལེན་དགོས།

    ལོགས་སྡོད་གསོ་རིག་ལྟ་ཞིབ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། ལོགས་སྡོད་བྱེད་མཚམས་འཇོག་པའི་ཚད་གཞིའི་ཉིང་སྐྱུར་བརྟག་དཔྱད་ཀྱི་གཏན་འཁེལ་རང་བཞིན་འགན་ལེན་ཇི་ལྟར་བྱེད་དགོས་སམ།

    ཇུས་གཞིའི་ནང་། ལོགས་སྡོད་གསོ་རིག་ལྟ་ཞིབ་བྱེད་རིང་སྣ་འབྲད་དང་མིད་འབྲད་ཀྱི་ཐབས་ལ་བརྟེན་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པ་དང་། ལོགས་སྡོད་བྱེད་མཚམས་འཇོག་སྐབས་སྣ་འབྲད་དང་མིད་འབྲད་ཀྱི་མ་དཔེ་ཐེངས་གཉིས་ལེན་དགོས་པ། ཉིང་སྐྱུར་བརྟག་དཔྱད་ཀྱི་ཚོད་སྨན་གཉིས་ལ་བརྟེན་ནས་བརྟག་དཔྱད་ཚད་ལེན་བྱེད་དགོས། རྩ་དོན་ཐོག་ནས་བརྗོད་ན་བརྟག་དཔྱད་ཚད་ལེན་གཉིས་སྒྲིག་གཞི་མི་འདྲ་བས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཇུས་གཞིའི་ནང་། ལོགས་སྡོད་བྱེད་མཚམས་བཞག་རྗེས་ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་ཉིན་བདུན་བྱེད་དགོས་པ་དང་། དེའི་རིང་ཚ་བ་དང་ནད་རྟགས་སོགས་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་པ་དང་། འགྲོ་སྐྱོད་ཉུང་ཙམ་བྱེད་པ། ཕྱིར་འགྲོ་སྐབས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ། འདུ་འཛོམས་རང་བཞིན་གྱི་བྱེད་སྒོར་མི་ཞུགས་པ། ཉིན་གཉིས་པ་དང་བདུན་པར་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་བྱེད་དགོས་པ་བཅས་ཁ་གསལ་བཏོན་ཡོད།

    འབྲེལ་འདྲིས་དམ་ཟབ་ཡོད་མཁན་ལ་དོ་དམ་དང་ཚོད་འཛིན་ཇི་ལྟར་བྱེད་དགོས་སམ།

    《ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞིའི(པར་གཞི་ཐེངས་བརྒྱད་པ)》ནང་འབྲེལ་འདྲིས་དམ་ཟབ་ཡོད་མཁན་ལ་དོ་དམ་ནན་པོ་བྱེད་དགོས་ཞེས་དམིགས་བསལ་བཏོན་ཡོད།

    འབྲེལ་འདྲིས་དམ་ཟབ་ཡོད་མཁན་དང་འབྲེལ་བ་ཡོད་མཁན་ལ་ཇུས་གཞིའི་ནང་། འབྲེལ་འདྲིས་དམ་ཟབ་ཡོད་མཁན་ལ་ལོགས་སྡོད་གསོ་རིག་ལྟ་ཞིབ་བྱེད་རིང་གི་ཉིན་དང་པོ་དང་བཞི་པའི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གཉིས་ཀ་སྲིབ་གཤིས་ཡིན་པ་དང་། དེ་དང་འབྲེལ་བ་ཡོད་མཁན་གྱི་ཉིན་དང་པོ་དང་། བཞི་པ། བདུན་པ་བཅས་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་ཡིན་ན་གཅིག་སྡུད་ལོགས་འཇོག་གི་གསོ་རིག་ལྟ་ཞིབ་བྱེད་མཚམས་འཇོག་དགོས་ཞེས་གཏན་འབེབས་བྱས་ཡོད།

    འབྲེལ་འདྲིས་དམ་ཟབ་ཡོད་མཁན་གྱི་ཉིན་དང་པོ་དང་བཞི་པའི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་ན། དེ་དང་འབྲེལ་བ་ཡོད་མཁན་ལའང་འབྲེལ་འདྲིས་དམ་ཟབ་ཡོད་མཁན་ལྟར་དོ་དམ་བྱེད་དགོས་པ་གཏན་འབེབས་བྱས་ཡོད།

    གྲོང་གསེབ་ཁུལ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་ཇི་ལྟར་གཏོང་དགོས་སམ།

    གྲོང་གསེབ་ཁུལ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཞན་ཆའི་ལྷུ་ཚིགས་སུ་འགྱུར་སླ་བར་བརྟེན་གྲོང་གསེབ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཇི་ལྟར་བྱེད་དགོས་སམ་ཞེ་ན།

    གྲོས་གཞིའི་ནང་། གྲོང་གསེབ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པར་གྲོང་གསེབ་ཁུལ་གྱི་འདུ་འཛོམས་རང་བཞིན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་དང་། གྲོང་གསེབ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ནུས་བལྟོས་བཅས་ཞན་པའི་གནས་ཚུལ་དངོས་ལ་དམིགས་ཏེ། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་དང་། རིམས་ནད་རིག་པའི་བརྟག་དཔྱད། ལོགས་སྡོད་གསོ་རིག་ལྟ་ཞིབ། ཉིང་སྐྱུར་བརྟག་དཔྱད། དུག་སེལ་སོགས་ཀྱི་ལས་དོན་ལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མཛུབ་ཁྲིད་དང་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།

    རིམས་འགོག་སྨན་ཁབ་རྒྱག་པར་ཤུགས་སྣོན་བརྒྱབ་ནས་གཙོ་གནད་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཡག་པོ་སྒྲུབ་དགོས།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་བརྡ་ཁྱབ་བཏང་བ་གཞིར་བཟུང་། 2021ལོའི་ཟླ་5ཚེས་13ཉིན་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་ཏོག་གསར་རིམས་འགོག་སྨན་ཁབ་ཐེངས་ཁྲི་36691.0བརྒྱབ་ཟིན་པའི་སྙན་སེང་འབྱོར་བ་རེད།

    ཇུས་གཞིའི་ནང་། ལས་རིགས་ཕྱིར་མངོན་གྱི་ཉེན་ཁ་ཆེ་བ་དང་། རྒྱལ་མཚམས་ཕྱི་རོལ་ནས་འགོ་བའི་ཉེན་ཁ་ཆེ་བའི་མི་ཚོགས། སྤྱི་ཚོགས་ཀྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བའི་འགྲོ་སྐྱོད་མི་སྣ། སྤྱི་ཚོགས་ཀྱི་གཞི་རྩའི་འཁོར་རྒྱུག་རྒྱུན་འཛིན་བྱེད་པའི་གཙོ་གནད་ལས་གནས་དང་ལས་རིགས་སོགས་ཀྱི་གཙོ་གནད་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཡག་པོ་སྒྲུབ་དགོས། མཐའ་མཚམས་འགག་སྒོ་སོགས་གཙོ་གནད་ས་ཁུལ་དང་ཞབས་ཞུའི་ལས་རིགས་སོགས་རིམས་ནད་འགོ་བའི་ཉེན་ཁ་ཅུང་ཆེ་བའི་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཡག་པོ་བསྒྲུབས་ཏེ་མི་ཚོགས་ལ་རིམས་ནད་འགོ་བ་དང་ཐོན་པའི་ཉེན་ཁ་ཆུང་དུ་གཏོང་དགོས། རིམས་འགོག་ཞིབ་སྤེལ་གྱི་འཕེལ་རིམ་དང་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་གྲུབ་འབྲས་གཞིར་བཟུང་། རིམས་འགོག་སྨན་ཁབ་རྒྱག་པའི་ཐབས་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ་འཁོད་ཡོད།

    རྩ་འཛུགས་ཀྱི་འགོ་ཁྲིད་དང་ལས་ཀའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།

    ཇུས་གཞིའི་ནང་། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྡེ་ཚན་གྱི་འགན་འཁྲི་དང་ལས་བགོས་ཁ་གསལ་བཟོ་དགོས། བཀོད་འདོམས་མ་ལག་ལག་བསྟར་ལམ་སྲོལ་དང་། ཆ་འཕྲིན་སྙན་ཞུའི་ལམ་ལུགས། ལྟ་སྐུལ་ཞིབ་བཤེར་ལམ་ལུགས། འཕྲལ་སྡོམ་ནང་སྦྱོང་ལམ་ལུགས། གྲོང་ཁྱེར་རོགས་སྐྱོར་ལམ་ལུགས་སོགས་ཀྱི་ལས་ཀའི་ལམ་སྲོལ་དང་ལམ་ལུགས་འཛུགས་དགོས། ཆ་འཕྲིན་མཉམ་སྤྱོད་དང་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་ཀྱི་ཉེན་ཁར་ཞིབ་འཇུག་བརྡར་གཅོད་དང་། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་གཏན་འབེབས། ཐོན་ཁུངས་སྤྱི་འདོམས་ལེགས་གཏོང་བཅས་ལ་རྒྱབ་སྐྱོར་བྱེད་དགོས། རིམས་ནད་ཀྱི་གནས་ཚུལ་མི་འདྲ་བ་གཞིར་བཟུང་། ཆེད་ལས་ཀྱི་སྔོན་འགོག་ཚོད་འཛིན་མི་སྣ་དང་། ཉིང་སྐྱུར་བརྟག་དཔྱད་ནུས་པ། དམིགས་འཛུགས་སྨན་ཁང་། གཅིག་སྡུད་ལོགས་འཇོག་བྱ་ཡུལ། རིམས་འགོག་དངོས་ཟོག་སོགས་ཀྱི་གསོག་ཉར་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

    གཞན་ཡང་། ཇུས་གཞིའི་ནང་། སྤྱི་དམངས་ཀྱི་རིམས་འགོག་གི་གཞི་རྩའི་བྱ་སྤྱོད་ཀྱི་ཚད་གཞི་དང་། ལྟ་ཞིབ་ཚད་ལེན། རིམས་ནད་རིག་པའི་བརྟག་དཔྱད།

    འབྲེལ་འདྲིས་དམ་ཟབ་ཡོད་མཁན་གཏན་འཁེལ་དང་དོ་དམ། རིམས་ནད་ཀྱི་འབྲེལ་ཡོད་མི་སྣ་དབོར་སྐྱེལ། ལོགས་སྡོད་གསོ་རིག་ལྟ་ཞིབ། སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན། དུག་སེལ། སེམས་གསོ་གཏོང་བ།

    མ་དཔེ་ལེན་པ་དང་ལྟ་ཞིབ་ཚད་ལེན། ཕྱི་ནས་འགོ་བའི་རིམས་ནད་ལ་སྔོན་འགོག་དང་ཚོད་འཛིན། གཙོ་གནད་ལྷུ་ཚིགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ལས་ཀའི་ཡིག་ཆ་12བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས། སྔོན་འགོག་དང་ཚོད་འཛིན་ཁྱབ་ཁོངས་དང་ལྷུ་ཚིགས་མི་འདྲ་བའི་ཞིབ་ཕྲའི་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས་ལུགས་འཁོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།