དབུ་ཤོག>གསར་འགྱུར།
  • ཁྲག་རྒྱུན་མཉམ་དུ་འདྲེས། ཕན་ཚུན་ལྟ་སྐྱོང་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-20

    《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)2020ལོའི་ཟླ་1ཚེས་11ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 2020ལོའི་ཟླ་5ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་ཡོད།

    ལོ་གཅིག་རིང་། ཀྲུང་དབྱང་གི་བླང་བྱ་ལག་བསྟར་དང་། དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པ། རྩ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པ། བོད་ཀྱི་ཁྱད་ཆོས་མངོན་པ། མི་དམངས་ཀྱི་འདོད་བློ་མཚོན་པ་བཅས་ཀྱི་ཁྲིམས་སྲོལ་གལ་ཆེན་དེ་ཉིད་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་གི་འགྲོ་འོང་དང་སྤེལ་རེས་ཁྲོད་མཉམ་འདྲེས་གཏིང་ཟབ་བྱུང་སྟེ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་མི་སེམས་སུ་དེ་བས་ཟུག་པ་དང་། སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་གི་དྲོ་སྐྱིད་ལྡན་པའི་རྣམ་པ་ཞིག་གངས་ལྗོངས་ས་མཐོའི་ཕྱོགས་མཚམས་ཀུན་ཏུ་ཁྱབ་ཡོད།

    ཁྲིམས་སྲོལ་བཟང་པོ་དམངས་ཀྱི་བསམ་ཚུལ་དང་དམངས་ཀྱི་འདོད་བློ་དང་མཐུན་པ། 

    མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན། དེ་ཉིད་ནི་ཉི་འོད་དང་སྦྲང་ཆར་ཇི་བཞིན་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་རྣམས་སྐྱོང་བཞིན་ཡོད།

    ཟླ་5པར་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དུས་བཀག་ལྟར་ལྷ་ས་སྐྱིད་ཆུའི་ལྷོ་ཕྱོགས་ཀྱི་ཚེ་མཆོག་གླིང་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དུ་འཁྲབ་འགོ་ཚུགས་ཤིང་ལྟད་མོར་ཡོང་མཁན་ཡང་ཧ་ཅང་མང་། ལྟད་མོ་བ་ཚོས་ལོ་1300ལྷག་ཙམ་གྱི་སྔོན་དུ་ཐང་བོད་གཉེན་འབྲེལ་གྱི་ངོ་མཚར་གཏམ་རྒྱུད་ལས་སྔར་སོང་དྲན་གྱིས་གསོས་ཏེ། འུན་ཤིང་ཀོང་ཇོའི་ཞབས་རྗེས་འདེད་ནས་རྒྱ་བོད་འཆམ་མཐུན་བེད་སྐྱིད་ལྡན་པའི་སྙན་རྩོམ་ཉན་བཞིན་མཆིས།

    མི་རིགས་མཐུན་སྒྲིལ་གྱི་ས་བོན་ལོ་ངོ་སྟོང་ཕྲག་གོང་ནས་བཏབ་ཟིན་པ་དང་། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཐོག་མཐའ་བར་གསུམ་དུ་མི་ཉམས་གོང་འཕེལ་བྱུང་ཡོད།

    ལི་ཀོང་ཧུའེ་ནི་ཀན་སུའུ་ཀྲང་ཡེ་ནས་ཡིན་པ་དང་། ཕ་མ་གཉིས་སྔ་ས་ནས་ཚེ་ལས་འདས་ཏེ་གཅེན་མོས་བསྐྱངས་ཤིང་། ད་བར་ལས་ཡུལ་དུ་གླ་པ་བྱས་ནས་བསྡད། ཕྱིས་སུ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་ལས་ཡུལ་ཞིག་ཏུ་ལི་ཀོང་ཧུའེ་ཡིས་བོད་རིགས་བུ་མོ་བདེ་སྐྱིད་ངོ་ཤེས་ནས་ཁོང་གཉིས་གཉེན་སྒྲིག་བྱས། “ངའི་ནང་མི་ཚང་མ་འདི་གར་ཡོད་པས་བོད་ནི་ངའི་ཕ་ཡུལ་དང་ཁྱད་མེད”

    2014ལོར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པའི་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། སོག་རིགས་སོགས་མི་རིགས་13གྱི་མང་ཚོགས་མཉམ་དུ་འཚོ་བ་སྐྱེལ་བ་དང་བོད་རིགས་དང་རྒྱ་རིགས་གཉེན་སྒྲིག་བྱས་པའི་ཁྱིམ་ཚང་97ཡོད་ཅིང་། ལི་ཀོང་ཧུའེ་ཡི་ཁྱིམ་ནི་དེའི་ཁྲོད་ཀྱི་གཅིག་རེད།

    ཁྲག་རྒྱུན་མཉམ་འདྲེས་དང་། ཕན་ཚུན་ལྟ་སྐྱོང་། མི་རིགས་མཐུན་སྒྲིལ་བཅས་འགྱིང་ངེར་གནས་པའི་རི་བོ་ཧི་མ་ལ་ཡ་དང་འདྲ་བར་སྔ་ས་ནས་བོད་ཀྱི་མི་དམངས་ཀྱི་སེམས་སུ་རྩ་བ་བརྟན་པོ་ཚུགས་ཡོད་པ་དང་། འཛད་མཐའ་མེད་ཅིང་དྲག་ཏུ་བཞུར་བའི་ཆུ་མོ་ཡར་ཀླུང་གཙང་པོ་ཇི་བཞིན་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲག་རྒྱུན་ནང་འདྲེས་ཡོད།

    ཁྲིམས་སྲོལ་དོན་འཁྱོལ་ནུས་ལྡན་བྱུང་བ།

    “ཉེ་རིང་མེད་པ་དང་དྲང་གཞག་ཁྲིམས་འཛིན་མཐའ་འཁྱོངས་བྱས་ཏེ་མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་གྱོད་གཞི་དང་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱས་ནས་མི་རིགས་ཁག་གི་སྤྱི་དམངས་ལ་འདྲ་མཉམ་ངང་དབང་ཆ་སྤྱོད་རྒྱུ་ཡོད་པ་དང་། འདྲ་མཉམ་ངང་འོས་འགན་སྒྲུབ་རྒྱུ་ཡོད་པའི་འགན་ལེན་བྱས་ཏེ་མི་རིགས་ལས་དོན་བཅོས་སྐྱོང་དེ་ཉིད་ཁྲིམས་སྐྱོང་གི་འཁོར་ལམ་ཐོག་སྐྱོད་ཐུབ་པ་བྱེད་དགོས”ཞེས་2019ལོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་ལྟར་གསུངས་པ་རེད།

    ལྷ་ས་གྲོང་ཁྱེར་ཝ་པ་གླིང་སྡེ་ཁུལ་དུ་འཚོ་བ་སྐྱེལ་བཞིན་པའི་བོད་རིགས་དང་། རྒྱ་རིགས། ཧུད་རིགས། པའེ་རིགས། ཡུ་གུར་རིགས་སོགས་ཀྱི་མང་ཚོགས་ཚོས་མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྡེ་ཁུལ་དེའི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཇི་ལྟར་བྱེད་ཀྱི་ཡོད་མེད་ཐད་ལ་སྡེ་ཁུལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཕཱ་ཏུའུ་མ་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་གིས“སྡེ་ཁུལ་གྱིས་ལོ་ལྟར‘མི་རིགས་མཐུན་སྒྲིལ་གྱི་ཡར་ཐོན་དྲིལ་བསྒྲགས་ཟླ་བ’དང” ‘3·28ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ’སོགས་སུ་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་། དྲིལ་བསྒྲགས་སྦྱར་ཡིག་སྦྱོར་བ་སོགས་ཀྱི་ཐབས་ལ་བརྟེན་ནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་འདུ་ཤེས་ཟབ་ཏུ་བཏང་ཡོད”མི་རིགས་མཐུན་སྒྲིལ་ཡར་ཐོན་གྲོང་སྲོལ་དམངས་ཆིངས་ནང་དུའང་བཅུག་ཡོད་ཅེས་བཤད།

    ལོ་གཅིག་རིང་རང་ལྗོངས་ཀྱིས་དྲིལ་བསྒྲགས་སློབ་གསོའི་ནུས་པ་གང་ལེགས་བཏོན་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་དང་། གཞི་རིམ་གྱི་བསམ་འཆར་ཉན་པ། ཉམས་མྱོང་བཟང་པོར་དཔེ་ལྟ་བ། དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་འཆར་འགོད་དང་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་དཔེ་སྟོན་འཛུགས་གཏོད་སོགས་ཐད་ཀྱི་ལས་དོན་གྱི་བྱ་ཐབས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་བ། བཀོལ་སྤྱོད་ཆོག་པ་དང་ལག་ལེན་བསྟར་འཐུས་ཀྱི་ཞིབ་ཕྲའི་ཚད་གཞི་སྔར་བས་ཁ་གསལ་བཟོས་ནས《སྲོལ་ཡིག》ལག་བསྟར་ནུས་ལྡན་ཡོང་བའི་འགན་ལེན་བྱས་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་རྩ་བ་བརྟན་ཞིང་ལོ་འདབ་རྒྱས་པ།

    ཚལ་བསྙལ་མ་བཟོ་བ་དང་། ཟླ་མཆོད་བག་ལེབ་བཟོ་བ། སེང་རྩེད་རྩེ་བ་སོགས་ཀྱི་སྲོལ་རྒྱུན་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་དུ་ལོ་བརྒྱ་ལྷག་ཙམ་མི་ཉམས་རྒྱུན་འཛིན་བྱས་ཡོད།

    ཤོ་པ་མདོ་གྲོང་རྡལ་གྱི་མི་རིགས་མཉམ་འདྲེས་ཀྱི་དཔེ་མཚོན་སྔ་ཤོས་ནི་ཆིང་རྒྱལ་རབས་བར་ཁུངས་འདེད་ཆོག 1910ལོར་སི་ཁྲོན་གྱི་ཙུང་ཏུའུ་ཀྲོར་ཧྥུང་གི་དཔུང་སྡེ་ཞིག་སྐབས་དེ་དུས་ཀྱི་ཤོ་པ་མདོ་རྫོང་དུ་ལུས་པ་དང་། དཔུང་སྡེའི་ཁྲོད་ཀྱི་དཔོན་དམག་ཁག་གཅིག་གིས་ཡུལ་དེའི་མི་སེར་དང་གཉེན་སྒྲིག་བྱས་པས་རྒྱ་རིགས་ཀྱི་འཚོ་བའི་གོམས་གཤིས་མང་པོ་ཞིག་འཇགས་ཡོད།

    དེ་སྔ་དམག་སྡེ་བཅོ་བརྒྱད་པ་ཞག་སྡོད་བྱེད་ས་ནི་གྲོང་མདོར་ཡིན་པ་དང་། དེའི་འགྲམ་དུ་དམག་སྡེ་བཅོ་བརྒྱད་པས་འབོལ་བའི་ས་ཞིང་ཡོད། མུའུ་300ཙམ་གྱི་ས་ཞིང་ཐོག་རྒྱ་ལྕང་ཆེན་པོ་བརྒྱ་ལྷག་ཙམ་འགྱིང་ངེར་གནས་ཡོད་པ་དང་། དེ་སྔའི་ཐང་རྒོད་རྣམས་ཞིང་ས་གཤིན་པོར་གྱུར་ནས་ཤོ་པ་མདོའི་མི་སེར་རྣམས་སྐྱོང་བཞིན་ཡོད་པ་ང་ཚོས་ད་ལྟའང་མཐོང་ཐུབ།

    ཤོ་པ་མདོ་མི་རིགས་མཐུན་སྒྲིལ་ལྗོན་ཤིང་དང་། དམག་སྡེ་བཅོ་བརྒྱད་པའི་ཞག་སྡོད་བྱེད་ས། ཆིང་རྒྱལ་རབས་ཀྱི་རྒྱ་རིགས་ཀྱི་བང་སོའི་ཚོགས། སེང་རྩེད་བཅས་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་རྩ་ཆེའི་དྲན་འཆར་རེ་རེ་ལས་ད་དུང་ཡང་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་དོད་པའི་ནང་དོན་གསལ་འགྲེལ་བྱེད་བཞིན་མཆིས།

    ད་ཆ་ཤོ་པ་མདོ་གྲོང་རྡལ་གྱི་མི་རིགས་མཐུན་སྒྲིལ་གྱི་ལྗོན་ཤིང་སྔར་བཞིན་ལོ་འདབ་རབ་ཏུ་རྒྱས་ཤིང་སྐྱེ་སྟོབས་ཀྱི་གསོན་ཤུགས་འཕེལ་བཞིན་ཡོད། ལོ་10ལ་སླེབས་པའི་བསོད་ནམས་དབྱངས་ཅན་གྱིས། ང་དང་མཉམ་དུ་འཚར་བའི་གྲོགས་པོའི་ཁྲོད་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཧོར་རིགས། མོན་པ་རིགས་བཅས་ཡོད། ང་ཚོ་ཚང་མ་གྲོགས་པོ་བཟང་པོ་ཡིན་ལ། ཚང་མ་ཁྱིམ་ཚང་གཅིག་ལྟར་ཡིན་ཞེས་བརྗོད།

    “མི་རིགས་ཁག་དབར་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་ངེས་པར་དུ་མངོན་འགྱུར་བྱེད་དགོས་པའི་རྩ་བའི་འགན་ལེན་ཡིན་པས”དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལྟ་སྐྱོང་དང་རོགས་རམ་བྱེད་དགོས། ད་ཆ་གངས་ལྗོངས་ས་མཐོར་མི་རིགས་ཁག་གི་བུ་ཕྲུག་ཚོས་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།