ཟླ་5པའི་ཚེས་12ཉིན། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་གཙོ་ཆེའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་བཅའ་ཁྲིམས》དང་།《གཞུང་ལས་པ་བསྡུ་བའི་གཏན་འབེབས》《བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་གཞུང་གི་ལས་གནས་སུ་རྒྱུགས་བཏང་ནས་བསྡུ་བའི(གདན་ཞུ)ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཅས་ཀྱི་གཏན་འབེབས་གཞིར་བཟུང་། ཞིབ་འཇུག་བྱས་པ་བརྒྱུད། 2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཡོངས་བསྒྲགས་ངང་གཞུང་ལས་པར་རྒྱུགས་བཏང་ནས་བསྡུ་བའི་ལས་དོན་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུ་གཏན་འཁེལ་བྱས་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ནས་ཡོངས་བསྒྲགས་ངང་གཞུང་ལས་པར་རྒྱུགས་བསྡུ་བྱེད་སྐབས། སྒྲིག་ཁོངས་གཏན་འཁེལ་དང་ལས་གནས་གཏན་འཁེལ་གྱི་བྱ་ཐབས་སྤྱད་ནས། ལྗོངས་ནང་ཁུལ་དུ་གཞུང་ལས་པ་286བསྡུ་རྒྱུའི་འཆར་གཞི་ཡོད་པ་དང་། མིང་ཐོ་འགོད་པའི་དུས་ཚོད་ནི།2021ལོའི་ཟླ་5ཚེས་15ཉིན་གྱི་ཆུ་ཚོད་9:30ནས་ཟླ་5ཚེས་19ཉིན་གྱི་ཆུ་ཚོད་18:30བར་དང་། ཡིག་རྒྱུགས་གཏོང་བའི་དུས་ཚོད་ནི་2021ལོའི་ཟླ་5ཚེས་29ཉིན་རེད་འདུག ཞིབ་ཕྲའི་གནས་ཚུལ་མཁྱེན་འདོད་ན། གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་ཤེས་རྟོགས་བྱས་ན་འགྲིག