
འདི་ནི་ལྷ་ས་སྐྱིད་ཆུའི་ལྟ་སྐུལ་ཚོད་འཛིན་ལས་གྲྭའི་ལས་ཡུལ་ཡིན་པ།

འདི་ནི་ལྷ་ས་སྐྱིད་ཆུའི་ལྟ་སྐུལ་ཚོད་འཛིན་ལས་གྲྭ(གཙང་འགྲམ་མེ་ཏོག་ལྡུམ་རའི་དུམ་བུ)ཡི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།
“ཉེ་དུས་ཉིན་གཉིས་བསྟུད་མར་གངས་བབས་པས་ལྷ་སའི་གནམ་གཤིས་གྲང་དུ་ཕྱིན་ཡོད། ཆུ་རགས་ཀྱི་ཆུ་སྒོ་ཕྱེ་ནས་ཆུ་གསོག་པར་ད་དུང་ཉིན་60ཡོད”སྔ་དྲོའི་ཆུ་ཚོད་6པར་ལྷ་ས་སྐྱིད་ཆུའི་ལྟ་སྐུལ་ཚོད་འཛིན་ལས་གྲྭའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ལི་ཅུན་ལས་ཡུལ་དུ་འགྲོ་བཞིན་དུ་དེ་ལྟར་བཤད།
ལྷ་ས་སྐྱིད་ཆུའི་ལྟ་སྐུལ་ཚོད་འཛིན་ལས་གྲྭ་ཟླ་3ཚེས་22ཉིན་ཨར་འདམ་ལུགས་རྒྱག་གི་ལས་འགན་ལེགས་གྲུབ་ཐུབ་པ་བྱེད་རྩིས་ཡོད་མོད། འོན་ཏེ་གནམ་གཤིས་གྲང་དུ་སོང་བའི་རྐྱེན་གྱིས་ལས་མཚམས་མི་འཇོག་ཀ་མེད་བྱུང་ན་ཆུ་འགོའི་ཆུ་རགས་ཀྱི་སྒྲོམ་གཞིར་ཤུགས་རྐྱེན་ཕོག་སྲིད། ཐོ་རེངས་ཆུ་ཚོད་གཉིས་པར་གངས་བབས་པས་ལྷ་ས་སྐྱིད་ཆུའི་ལྟ་སྐུལ་ཚོད་འཛིན་ལས་གྲྭའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ལི་ཅུན་ལ་སེམས་ཁྲལ་ཆེན་པོ་བྱུང་།
འདི་ལོའི་ཟླ་5ཚེས་23ཉིན་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་ཉིན་མོ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་ཆུ་བེད་ལས་གྲྭ་ལྷ་ས་སྐྱིད་ཆུའི་ལྟ་སྐུལ་ཚོད་འཛིན་ལས་གྲྭས་ཚེས་23ཉིན་གྱི་གོང་ཆུ་རགས་ཀྱི་ཆུ་སྒོ་ཕྱེ་ནས་ཆུ་གསོག་ཐུབ་པར་བྱས་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་འབུལ་རྩིས་ཡོད་པ་རེད། སྒྲིག་ཆས་དང་མི་སྣ་མང་དུ་བཏང་ཁར་ཨར་པོའི་ལས་རིམ་ལེགས་སུ་བཏང་བས། ལི་ཅུན་གྱི་སེམས་ཁྲལ་རྦད་དེ་བསལ། ལས་ཡུན་ཛ་དྲག་པ་དང་ཚོད་འཛིན་མང་པོ་ཕོག་པས་ལྷ་ས་སྐྱིད་ཆུའི་ལྟ་སྐུལ་ཚོད་འཛིན་ལས་གྲྭ་ན་ནིང་ཟླ་ལྔ་པ་ནས་ལས་འགོ་བཙུགས་རྗེས། དཀའ་ངལ་མང་པོ་ཁྱད་དུ་བསད་པ་མ་ཟད། འགྲན་སློང་གསར་པའང་མང་པོ་བསུས་ཡོད།
ན་ནིང་ཟླ་7པར་ལོ་ཧྲིལ་པོའི་ཆར་ཆུ་འབེལ་ཤོས་ཀྱི་དུས་ཚིགས་ཤར་ནས་ཆར་པ་བསྟུད་མར་བབས་པས། སྐབས་འཕྲལ་ཆུ་རགས་ཆུས་ཁྱེར་བ་རེད། ལས་ཡུན་ཛ་དྲག་སྟབས་འབྲུབ་ཆུ་རྒྱས་པའི་དུས་ཡིན་ནའང་ལས་མཚམས་བཞག་མེད། སིམ་འགོག་གྱང་བདེ་བླག་ངང་རྒྱག་ཆེད། ལྷ་ས་སྐྱིད་ཆུའི་ལྟ་སྐུལ་ཚོད་འཛིན་ལས་གྲྭའི་རྣམ་གྲངས་པུས་འཕྲལ་མར་ཚོགས་འདུ་འཚོགས་ནས། ལས་གྲྭའི་ལས་རིམ་ལེགས་སུ་གཏོང་བ་དང་འཕྲུལ་འཁོར་མང་དུ་གཏོང་བར་གྲོས་བསྡུར་བྱས་པ་མ་ཟད། སྐབས་འཕྲལ་ཆུ་རགས་ཀྱང་བརྟན་དུ་བཏང་བ་རེད།
2020ལོའི་ཟླ་9པར་ཆུ་རགས་ཀྱི་སྟོད་རྒྱུད་ལས་འགོ་བཙུགས། ཨར་འདམ་གྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་། དེ་སྔོན་བེད་སྤྱོད་པའི་ཚོང་སྒྱུར་ཨར་འདམ་དབོར་འདྲེན་བྱེད་པར་ལམ་ཐག་རིང་བ་མ་ཟད། དུས་ཚོད་ཀྱང་རིང་པོ་འགོར་གྱི་ཡོད་པས་ཨར་པོའི་དགོས་མཁོ་སྐོང་ཐབས་བྲལ། རྣམ་གྲངས་པུས་སོ་སོས་ཨར་འདམ་འདྲེས་སྦྱོར་ས་ཚིགས་འཛུགས་པའི་ཐག་བཅད། འོན་ཀྱང་མ་དངུལ་དུས་ཐོག་ཏུ་འབྱོར་མེད་པས། ཕྱོགས་མང་པོའི་མཐུན་སྦྱོར་འོག་ཀྲུང་གོ་ཆུ་གློག་རྨང་གཞི་ཅུས་བོད་ལྗོངས་ཡན་ལག་ཀུང་སིས་རྣམ་གྲངས་པུའི་དོན་དངོས་གནས་ཚུལ་ལ་བསམ་བློ་བཏང་ནས། མ་དངུལ་བཏང་སྟེ་ཁོ་ཚོའི་མིག་སྔའི་དཀའ་ངལ་བསལ་ཡོད། ཨར་འདམ་འདྲེས་སྦྱོར་ས་ཚིགས་དངོས་སུ་བཙུགས་པས། ཨར་འདམ་མི་འདང་བའི་གནད་དོན་ཐག་གཅོད་བྱུང་བ་དང་། ཆུ་རགས་ཀྱི་སྟོད་རྒྱུད་ལས་གྲྭ་འདི་ལོའི་ཟླ་3པར་ལས་མཇུག་འགྲིལ་བ་རེད།
ལྷ་ས་སྐྱིད་ཆུའི་ལྟ་སྐུལ་ཚོད་འཛིན་ལས་གྲྭར་སྐུལ་འདེད་མྱུར་པོ་བཏང་ནས། “5·23”ཉིན་ཆུ་རགས་ཀྱི་ཆུ་སྒོ་ཕྱེ་ནས་ཆུ་གསོག་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱ་ཆེད། རྣམ་གྲངས་པུའི་དོ་དམ་དང་མཐུན་སྦྱོར་སྒྲིག་འཛུཌ་ཐད་བླང་བྱ་གསར་པ་བཏོན་ཅིང་། ཟླ་3ཚེས་30ཉིན་གྱི་སྔ་དྲོར་ཀྲུང་གོ་ཆུ་གློག་རྨང་གཞི་ཅུས་ཚད་ཡོད་ཀུང་སིས“5·23”
དམིགས་ཚད་ལས་དོན་སྐུལ་འདེད་ཚོགས་ཆུང་བཙུགས་ནས་ལྷ་ས་སྐྱིད་ཆུའི་ལྟ་སྐུལ་ཚོད་འཛིན་ལས་གྲྭའི་རྣམ་གྲངས་པུའུ་རུ་དངོས་སུ་བཅའ་སྡོད་བྱས་པ་མ་ཟད། “5·23”དམིགས་ཚད་སྐུལ་འདེད་ཆེད་དོན་ཚོགས་འདུ་འཚོགས་པ་རེད། དོ་དམ་གྱི་སྟོབས་ཤུགས་ཧྲག་ཤོས་དང་ཨར་པོའི་ལག་རྩལ་རྩེ་གྲར་བརྟེན་ནས་ཨར་པོ་རྒྱག་རིང་འཕྲད་པའི་དཀའ་ངལ་ཐག་གཅོད་ནུས་ལྡན་བྱས་པ་མ་ཟད། ལས་ཡུན་ཐུང་དུའང་བཏང་ཡོད།
ལི་ཅུན་གྱིས“ང་ཚོས་ལས་ཡུན་ལ་གཞིགས་ནས་བདེ་འཇགས་འགན་ལེན་གྱི་སྔོན་འགྲོའི་འོག་ལས་ཀ་ཧུར་ཐག་བྱས་ནས་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་ལ་ལེགས་སྐྱེས་ཕྲན་བུ་འབུལ་བཞིན་ཡོད”ཅེས་བཤད།