དགུ་པ། བློ་རྩེ་གཅིག་སྒྲིམ་གྱིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་གོ་བ་ལེན་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་མཚམས་ས་ཁུལ་ནི་རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་གྱི་འགོག་སྲུང་འཛིང་རགས་དང་པོ་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་འཐབ་ས་མདུན་མ་ཡིན། གལ་ཏེ་མཐའ་མཚམས་སུ་གནད་དོན་ཐོན་ཚེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པ་དང་། དེ་རང་རྒྱལ་གྱི་ལྟེ་བའི་ས་ཁུལ་དུ་ཁྱབ་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཤུགས་རྐྱེན་ཐེབས་སྲིད་ཅེས་བསྟན་ཡོད།
བོད་ཀྱི་མཐའ་མཚམས་ལམ་ཐིག་ལ་སྤྱི་ལེ་4000ལྷག་ཙམ་ཡོད་པ་དང་། དེའི་ནང་གི་ས་མཚམས་ཕྱེད་ཀ་ཙམ་དངོས་སུ་དབྱེ་འབྱེད་གཏན་འཁེལ་བྱས་མེད་པས། བོད་ནི་རང་རྒྱལ་གྱི་མཐའ་མཚམས་གནས་ཚུལ་རྙོག་འཛིང་ཆེ་ཤོས་དང་མཐའ་སྲུང་འཐབ་རྩོད་རྣོ་ངར་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་སྟབས། དོ་དམ་ཚོད་འཛིན་གྱི་ལས་འགན་ལྕི་པོ་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་མཐའ་མཚམས་འཛུགས་སྐྲུན་བྱེད་བཞིན་ཡོད། གསོ་རླུང་མི་འདང་བ་དང་། གྲང་ངར་ལ་མི་འཛེམས་པར་ཉེན་ཁར་གདོང་མཆོངས་དང་། གངས་རིར་སྐོར་གཡེང་བྱས་ནས་ཏང་ལ་ལྷག་བསམ་རྣམ་དག་དང་མེས་རྒྱལ་ལ་དགའ་ཞེན་བྱེད་ལུགས་དེ་རྒྱལ་ཁབ་ཀྱི་ས་ཆའི་སྟེང་མཉམ་འདྲེས་ཐུབ་པ་བྱས་པ་དང་། དེ་ས་མཚམས་ཀྱི་རྡོ་རིང་རེ་རེའི་སྟེང་དུ་བརྐོས་ནས“ཏང་གི་འོད་ཟེར་མཐའ་མཚམས་ཁུལ་ལ་འཕྲོས་པ་དང་། མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས་པའི”གསོན་ཉམས་ལྡན་པའི་ལེའུ་བརྩམས་ཡོད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་དམག་དཔུང་བཅའ་སྡོད་དང་མང་ཚོགས་བདེ་འགོད་གཉིས་མཉམ་དུ་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་དར་རྒྱས་གཏོང་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། མཐའ་མཚམས་ཡུལ་མིའི་ཁ་གསབ་རོགས་དངུལ(གཏན་འཁེལ་བྱས་པའི་རྒྱལ་མཚམས་ཀྱི་མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་གཉིས་པའི་ཤང་དང་གྲོང་རྡལ་གྱི་མཐའ་མཚམས་ཡུལ་མིའི་ཁ་གསབ་རོགས་དངུལ་ཚད་གཞི་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་5000དང་སྒོར་4500ཟིན་ཡོད། ས་མཚམས་དབྱེ་མེད་པར་ཁག་སོ་སོར་སྒོར་6000དང་སྒོར་5400བར་སྤར་ཡོད)སྤར་ཡོད་པ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་552བསྐྲུན་ཡོད་ཅིང་། མང་ཚོགས་ཁྲི་2.1མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་སྤོ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོའི་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་96%དང་82%ཟིན་ཡོད། “ཐུན་མོང་ལྔ་དང་སྲ་བརྟན་ལྔའི”བྱེད་སྒོ་སྤེལ་ནས། དམག་དཔུང་གིས་དམག་དོན་ལས་འགན་ཁག་ལེགས་སྒྲུབ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བར་འགན་ལེན་བྱས་ཡོད།
ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས”ཞེས་པའི་འཐབ་ཇུས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། མཐའ་མཚམས་ས་ཁུལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གྱི་འགོག་སྲུང་འཛིང་རགས་ཨང་དང་པོ་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། མཐའ་དར་དམངས་ཕྱུག་བྱ་སྤྱོད་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་དགོས། སིམ་འཛུལ་ལ་ངོ་རྒོལ་དང་མུག་ཟོས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཧུར་ཐག་ཞུགས་ནས། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས་ཏེ། འབད་བརྩོན་ཆེན་པོས་མཐའ་མཚམས་ས་ཁུལ་གྱི་ཟངས་གྱང་ལྕགས་རྩིག་བསྐྲུན་དགོས། མི་སུ་ཞིག་གིས་དུས་ཚོད་གང་རུང་ཞིག་ལ་རྣམ་པ་གང་རུང་གི་ཐོག་ནས་བོད་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་མེས་རྒྱལ་ནས་ཁ་ཕྲལ་དུ་རྩ་བ་ནས་གཏོང་དུ་འཇུག་མི་ཆོག སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས“ཁྱིམ་ནི་ཡུལ་སྨད་ཡིན་པ་དང་། རྒྱལ་ཁབ་ནི་ཀྲུང་གོ་ཡིན་ཞིང་། ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བ་ནི་འགན་འཁྲི་ཡིན”ཞེས་པའི་དད་སེམས་བརྟན་པོ་ཡིད་ལ་བཅངས་ནས། ལོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་གངས་ལྗོངས་མཐའ་མཚམས་སུ་གཞིས་ཚུགས་པ་དང་། མཐའ་མཚམས་སུ་ཕྱུགས་འཚོ་བ། མཐའ་མཚམས་སུ་སྐོར་གཡེང་བྱེད་པ་བཅས་ཀྱི་རྣམ་པའི་ཐོག་ནས་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ས་ཆ་སྲུང་སྐྱོང་བྱས་ནས། རྒྱལ་གཅེས་མཐའ་སྲུང་གི་དུས་རབས་ཀྱི་བསྟོད་གླུ་བརྩམས་ཡོད། མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་དམ་ཆོས་བཟང་པོ་སོགས་ཁྱིམ་ཚང་གཅིག་གི་མི་རབས་གསུམ་གྱིས་མེས་རྒྱལ་གྱི་མཐའ་མཚམས་སུ་གཞིས་ཚུགས་པ་དང་། རང་འགུལ་ངང་མཐའ་མཚམས་སྲུང་སྟེ་ཚེ་སྲོག་ལ་བརྟེན་ནས་སྐོར་སྐྱོད་རྡོ་རིང་བསྐྲུན་པའི་མི་སེམས་འགུལ་བའི་བྱས་རྗེས་བཏོད་ཡོད། སྒར་རྫོང་གི་ཡུལ་དམག་པད་མ་ཨོ་རྒྱན་མི་གཅིག་གིས་ཀླུ་དམར་ཟམ་ཆེན་ཞིབ་བཤེར་ས་ཚིགས་ལོ་36བརྟན་སྲུང་བྱས་ནས། ཉིན་ལྟར་སྐར་ལྔའི་དར་དམར་བསྒྲེངས་ཏེ་ཚེ་སྲོག་ལ་བརྟེན་ནས་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སྲད་ཤང་གི་མང་ཚོགས་ཚོས་རང་མོས་ངང་གོང་གྲོང་ཕུ་མཐའ་མཚམས་གནས་སྤོ་ཁུལ་དུ་འཚོ་བ་སྐྱེལ་བར་འགྲོ་རྒྱུའི་མིང་ཐོ་བཀོད་པ་དང་། མཐའ་མཚམས་ཀྱི་རི་སྐེད་དུ་རྡོ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་དང་སྐར་ལྔའི་དར་དམར་ཆེན་པོ་བརྩིགས་ནས། ཉིན་ལྟར་མེས་རྒྱལ་གྱི་ས་ཆར་སྐོར་གཡེང་བྱས་ནས“མི་གཅིག་ཀྱང་ཁྲིམས་འགལ་ངང་ནང་དུ་འཛུལ་བཅུག་མེད་པ་དང་། མི་གཅིག་ཀྱང་ཁྲིམས་འགལ་ངང་ནས་ཕྱི་རུ་བཏང་མེད”