ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་1ནས་3བར་རང་ལྗོངས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་19.72ཟིན་ནས་དུས་མཚུངས་ལས་88.78%འཕར་བ་དེ་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་58.87གྱིས་མཐོ་བ་ཡོད་པས་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དྲ་ཐོག་ཚོང་དོན་འཁོར་སྐྱོད་ཀྱི་འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད།
རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་དྲ་རྒྱའི་སིལ་ཚོང་ཁྲོད་དངོས་པོའི་རིགས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་15.11ཟིན་ནས་དུས་མཚུངས་ལས་100.57%འཕར་བ་དེ་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་77.71གིས་མཐོ་བ་ཡོད་པ་དང་ཞབས་ཞུའི་རྣམ་པའི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་4.61ཟིན་པ་དེ་དུས་མཚུངས་ལས་58.24%འཕར་ཡོད་པ་རེད། དངོས་པོའི་རིགས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་གྱིས་དྲ་རྒྱའི་སིལ་ཚོང་དངུལ་འབོར་ལ་ལེགས་སྐྱེས་འབུལ་ཚད་ཆེ་རུ་ཕྱིན་ཏེ་དབྱར་རྩྭ་དགུན་འབུ་དང་། ཚགས་ཤ། གཏེར་ཆུ་བཅས་གཙོ་བོར་བྱས་པའི་བཟའ་བཅའི་ལུས་སྲུང་ལས་རིགས་ལ་ཕྱིར་ཚོང་བྱེད་ཚད་མང་ཤོས་ཡིན་པ་དེས་48.14%བཟུང་ཡོད་པ་རེད།