ཉིན་ཤས་གོང་གསར་འགོད་པར་2021ལོའི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། 2020ལོར་རང་ལྗོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1061ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་12.17ཟིན་པ་དང་། ཡུལ་སྐོར་ལས་རིགས་ཀྱིས་ཞིང་འབྲོག་པ་ཁྲི་12.5དང་མི་ཐེངས་ཁྲི་25.9ལས་ཞུགས་གཞན་སྒྱུར་ལ་སྣེ་ཁྲིད་བྱས་པར་ཁྱོན་ཡོང་འབབ་སྒོར་དུང་ཕྱུར་6.3ཟིན་ཡོད། རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་སླར་གསོ་བྱེད་ཚད་ཁྲོད་རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་མིང་གྲལ་གྱི་ཨང་དང་པོར་སླེབས་པ་དང་རྒྱལ་ཡོངས་ཀྱི་སྔོན་ལ་སླར་གསོ་དང་དངོས་སུ་འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་ཀྱིས་ཡུལ་སྐོར་སྣེ་ལེན་ཞུ་ནུས་ལྡན་པའི་གྲོང་གསེབ་ཡུལ་སྐོར་ས་ཚིགས་300ལྷག་ཙམ་དང་ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་གྲས་26བསྐྲུན་པ་དང་། ཁྱིམ་ཚང་མགྲོན་ཁང་2377ཟིན་པ། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དུད་ཚང་ཁྲི་2.15ཡི་མི་ཁྲི་7.5དབུལ་སྒྲོལ་བྱ་རྒྱུར་སྣེ་ཁྲིད་བྱས་ནས། ཡུལ་སྐོར་ཐོན་ལས་ཀྱིས་མི་འབོར་དབུལ་པོ་ཁྲི་7.2དབུལ་སྒྲོལ་བྱེད་པའི་དམིགས་ཚད་ཚད་བརྒལ་ངང་ལེགས་སྒྲུབ་བྱས་པ་རེད།