2020ལོའི་ཟླ་10ཚེས་8ཉིན། རུ་ཐོག་རྫོང་ཆུ་མིག་མཚོའི་རིམ་པ་དང་པོའི་ཉེན་རྟོག་ཞིབ་བཤེར་ས་ཚིགས་སུ་སྔར་བཞིན་ལྷགས་པ་ཆེན་པོ་འུར་འུར་དུ་ལྡང་བཞིན་ཡོད། ཕྱི་དྲོའི་ཆུ་ཚོད་3པ་ཙམ་ལ་རྐང་འཁོར་བཞོན་པའི་ཡུལ་སྐོར་བ་ཞིག་ཆུ་མིག་མཚོའི་རིམ་པ་དང་པོའི་ཉེན་རྟོག་ཞིབ་བཤེར་ས་ཚིགས་སུ་ཡོང་ནས་ཁོ་པའི་དངུལ་ཁུག་སོགས་རྩ་ཆེའི་དངོས་པོ་གུར་དང་མཉམ་དུ་མཚོ་ངོས་སུ་འཁྱེར་སོང་བས་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པས་འཚོལ་རོགས་གནང་ཞེས་རེ་ཞུ་བྱས།
ལྷག་པ་ཕུན་ཚོགས་ཀྱིས་གནས་ཚུལ་དེ་ཐོས་འཕྲལ་ལས་རོགས་འཁྲིད་དེ་ལག་ཆ་འཁྱེར་ནས་ཆུ་མིག་མཚོ་འགྲམ་དུ་ཕྱིན། “ངའི་གཟུགས་པོ་རིང་ཤོས་ཡིན་པས་ངས་ཕྱིན་ན་དགའ། ཁྱེད་ཚོས་ཐག་པ་ཡག་པོ་བཟུང་ཤོག”ཅེས་བཤད་རྗེས་ཁོང་གིས་ཐག་པ་སྐེད་པར་བཏགས་ནས་སྔོན་ནས་མཚོ་དཀྱིལ་དུ་བཞག་པའི་སྒོ་པང་ཐོག་མཆོངས་པ་དང་འབྲེལ་ལྕགས་མདོང་རིང་པོ་ཞིག་འཁྱེར་ནས་གྲུ་གཏོང་བ་བཞིན་གུར་ལེན་པར་ཕྱིན།
ཡུད་ཙམ་སོང་རྗེས་མཚོ་འགྲམ་གྱི་ལས་རོགས་ཚོས་ཉེན་ཁ་ཆེན་པོ་ཡོད་པ་མཐོང་སྐབས་ཁོང་ལ“ཉེན་ཁ་ཆེན་པོ་འདུག མགྱོགས་པོ་ཚུར་ཤོག”ཅེས་སྐད་བརྒྱབ། འོན་ཀྱང་སྐབས་དེ་དུས་ལྷགས་པ་ཆེན་པོ་བརྒྱབ་པ་དང་ལྷགས་པ་འཇགས་རྗེས་ལྷག་པ་ཕུན་ཚོགས་སྔ་ས་ནས་གར་སོང་ཆ་མེད་དུ་གྱུར། 2020ལོའི་ཟླ་10ཚེས་8ཉིན་གྱི་ཆུ་ཚོད་16ཙམ་ལ་ལོ་23ཟིན་མ་ཐག་པའི་ཁོང་མི་ཡུལ་དེ་ནས་ནམ་ཡང་ཁ་བྲལ།
“ཁོང་གིས་དམངས་ཀྱི་ཆེད་དུ་བདེ་འཇགས་བསྲུངས”
2020ལོའི་ཟླ་7ཚེས་25ཉིན་གྱི་སྔ་དྲོ། མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའི་སྒོ་རར་དམ་འཇོག་རུ་ཁག་ནང་གཟུགས་པོ་རིང་ལ་ཤ་སྐམ་པ་དང་མིག་ཟུང་ནས་བློ་བརྟན་འགྱུར་མེད་ཀྱི་ཉམས་འགྱུར་མངོན་པའི་ཕོ་གཞོན་ཞིག་ཡོད་པ་དེ་ནི་ལྷག་པ་ཕུན་ཚོགས་ཡིན། འོན་ཀྱང་ཟླ་བ་གཉིས་སོང་རྗེས་ཁོང་གིས་ཚེ་སྲོག་སྤྱི་བདེའི་བྱ་གཞག་དང་མི་དམངས་ལ་ཕུལ།
ཆུ་མིག་མཚོའི་རིམ་པ་དང་པོའི་ཉེན་རྟོག་ཞིབ་བཤེར་ས་ཚིགས་ནི་རུ་ཐོག་རྫོང་གི་ནུབ་བྱང་རྒྱུད་དུ་ཡོད་པ་དང་ཤིན་ཅང་ཧོ་ཐན་ས་ཁུལ་དང་ས་འབྲེལ་ཡིན་སྟབས། དེ་གའི་མི་དམངས་ཉེན་རྟོག་པས་ལོ་འཁོར་མོར་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ལ་ཞིབ་བཤེར་དང་ཐོ་འགོད་བྱེད་དགོས་ལ་ཁོངས་གཏོགས་ཁུལ་ལ་སྐོར་ཞིབ་དང་། གངས་ཕྱགས་ནས་ལམ་སྐྱོང་བ། འགྲིམ་འགྲུལ་ཤར་གཏོང་སོགས་ཀྱང་བྱེད་དགོས་པས་ལས་འགན་ཧ་ཅང་ལྕི་པོ་ཡོད།
རིམས་ནད་ཐོན་རིང་། བོད་ནུབ་ཀྱི“བྱང་སྒོ་ཆེན་པོ”ཡིན་པའི་ཆུ་མིག་མཚོའི་རིམ་པ་དང་པོའི་ཉེན་རྟོག་ཞིབ་བཤེར་ས་ཚིགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་འགན་ལྕི་པོ་ཁུར་ཡོད། “སྨན་ཁང་དང་། འགྲུལ་སྐྱེལ་ས་ཚིགས། ཞིབ་བཤེར་ས་ཚིགས་དང་ད་དུང་སྐབས་འཕྲལ་གྱི་ལོགས་འཇོག་བྱ་ཡུལ་བཅས་ཚང་མར་ཉེན་རྟོག་པ་དགོས། འོན་ཀྱང་ང་ཚོར་ཉེན་རྟོག་པ་ཁ་ཐང་པོ་ཡོད། རྒྱུན་སྲོལ་ལྟར་ཉེན་རྟོག་པ་གསར་པ་གཞི་རིམ་དུ་སྦྱོང་བརྡར་སྤྲོས་པར་འགྲོ་དགོས་པས། ངས་ལྷག་པ་ཕུན་ཚོགས་ལ་ཆུ་མིག་མཚོ་རུ་ལས་སྒྲུབ་བྱེད་པར་འགྲོ་འདོད་ཡོད་དམ་ཞེས་འདྲི་སྐབས་ཁོང་གིས་འཕྲལ་དུ་ཁས་བླངས་སོང”ཞེས་རུ་ཐོག་རྫོང་སྤྱི་བདེ་ཅུས་ཀྱི་ཆབ་སྲིད་ཨུ་ཡོན་ཅི་སུང་ཐའོ་ཡིས་ངོ་སྤྲོད་བྱས།
“གཅེན་པོ། ང་ཉེན་རྟོག་པའི་སློབ་གྲྭར་རྒྱུགས་གཏོང་འདོད་འདུག ཕོ་རབ་དམག་ལ་ཞུགས་ཏེ་དམག་ཆས་སམ་ཡང་ན་ཉེན་རྟོག་པའི་ལས་གོས་གྱོན་ནས་རྩལ་ནུས་ཡོད་ཚད་བཏོན་ཏེ་ཡུལ་ཕྱོགས་གཅིག་གི་དུས་བདེ་སྲུང་གི་ཡིན”2016ལོའི་མཐོ་རྒྱུགས་མ་བཏང་གོང་། ལོ་19ལ་སླེབས་པའི་ལྷག་པ་ཕུན་ཚོགས་ཀྱིས་གཅེན་པོ་མིག་དམར་ཚེ་རིང་ལ་རང་ཉིད་ཀྱི་ཕུགས་འདུན་བརྗོད།
མིག་དམར་ཚེ་རིང་གིས་གསར་འགོད་པར། ཀྲེང་ཀྲོའུ་ལྕགས་ལམ་ཉེན་རྟོག་སློབ་གླིང་ནས་ཐོན་རྗེས་ལྷག་པ་ཕུན་ཚོགས་ཉེན་རྟོག་པ་ཞིག་བྱེད་པའི་འདུན་པ་དེ་བས་བརྟན་དུ་ཕྱིན་པ་དང་། 2020ལོའི་ལོ་འགོར་ཉེན་རྟོག་པ་བསྡུ་བའི་ཡིག་རྒྱུགས་སྐབས་ཁོང་གིས་ཐེ་ཚོམ་མེད་པར་མངའ་རིས་ས་ཁུལ་བདམས་པ་རེད་ཅེས་བཤད་བྱུང་།
“ཁོང་གིས་མང་ཚོགས་ཀྱི་བྱ་བ་ཡེ་ནས་བརྗེད་མྱོང་མེད”
2020ལོའི་རྒྱལ་སྟོན་གྱི་སྔ་ནུབ་ཏུ་ཧྲེན་དབྱང་དུ་ཡོད་པའི་ཆུས་ཀྲའོ་ཅིན་དང་ཞུས་ཡན་བཟའ་ཚོ་སྒེར་འཁོར་བཏང་ནས་ཤིན་ཅང་དུ་བསྐྱོད་པ་དང་། ཤིན་ཅང་ནས་བོད་དུ་ཡོང་བའི་ལམ་བར་དུ་གསོ་རླུང་གློ་བུར་དུ་རྫོགས་པས་ཁོང་གཉིས་ལ་ལ་དུག་ཕོག་པ་རེད། དེ་ལྟར་མཆུ་ཏོ་སྔོན་པོ་ཆགས་པ་དང་དབུགས་རྔུབ་གཏོང་དཀའ་ལ་རྐང་པ་གཉིས་འདར་བཞིན་ཞིབ་བཤེར་ས་ཚིགས་སུ་འབྱོར། དེ་གར་ལས་སྒྲུབ་བྱེད་བཞིན་ཡོད་པའི་ལྷག་པ་ཕུན་ཚོགས་ཀྱིས་ལམ་སེང་རྒན་རྒོན་གཉིས་པོའི་མི་བདེ་བའི་སྣང་ཚུལ་རྟོགས།
ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱ་ཆེད། ལྷག་པ་ཕུན་ཚོགས་ཀྱིས་ཉིན་མཚན་དབྱེར་མེད་ངང་རྒན་རྒོན་གཉིས་ཉེ་འགྲམ་གྱི་ས་བབ་ཅུང་དམའ་བའི་རྡོ་དམར་ཤང་དུ་བསྐྱལ། ཤང་དུ་སླེབས་རྗེས་ལྷག་པ་ཕུན་ཚོགས་ཀྱིས་བྲེལ་བྲེལ་འཚུབ་འཚུབ་ངང་འགྲུལ་ཁང་དང་འབྲེལ་བ་བྱས་ཏེ་གསོ་རླུང་སོགས་གྲ་སྒྲིག་བྱེད་དགོས་ལུགས་བཤད། རྒན་རྒོན་གཉིས་པོའི་སྡོད་གནས་སོགས་བཀོད་སྒྲིག་ཡག་པོ་བྱས་རྗེས་ཁོང་གཞི་ནས་རླངས་འཁོར་བསྡད་ནས་ཞིབ་བཤེར་ས་ཚིགས་སུ་ལོག ཁོང་ཞིབ་བཤེར་ས་ཚིགས་སུ་སླེབས་དུས་ཆུ་ཚོད་5པ་ཟིན་ཡོད་པ་རེད།
ལས་རོགས་སྙན་གྲགས་ཀྱིས། ལྷག་པ་ཕུན་ཚོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་སེམས་ནུས་ཡོད་ཚད་མང་ཚོགས་ཀྱི་བྱ་བར་འཇོག་གི་ཡོད། “ཁོང་གིས་མང་ཚོགས་ཀྱི་བྱ་བ་ཡེ་ནས་བརྗེད་མྱོང་མེད”ཅེས་བརྗོད།
“ཁོང་ནི་ང་ཚོའི་སྤོབས་པ་ཡིན”
“ཕྲུ་གུ་ཡག་པོ་དེ་འདྲ་ཞིག་གློ་བུར་དུ་མེད་པ་ཆགས་དོན་གང་ཡིན་ནམ། ཁོང་མེད་ན་གང་འདྲ་བྱེད་དགོས་སམ”ཞེས་ལྷག་པ་ཕུན་ཚོགས་ལ་ཆག་སྒོ་བྱུང་བ་ཤེས་པའི་ཉིན་དེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ལོ་86ལ་སླེབས་པའི་བགྲེས་སོང་ཀུན་དགའ་སེམས་སྡུག་གིས་མནར་ནས་ངུ་འབོད་བྱས།
དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་ཡོང་རིམ་བཞིན་ལྷག་པ་ཕུན་ཚོགས་ཀྱིས་བགྲེས་སོང་ཀུན་དགར་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་དང་རྔན་པ་ཙག་ཙིག་འཁྱེར་ཡོང་གི་ཡོད་ལ། རྟག་ཏུ་བགྲེས་སོང་ལ་གྱོན་ཆས་འཁྲུ་རོགས་དང་གཙང་སྦྲ་བྱེད་རོགས་བྱེད་པ་དང་ཅི་འཕྲོས་མོལ་འཕྲོས་སོགས་བྱེད་ཀྱི་ཡོད། “ང་ལ་ཕྲུ་གུ་མེད་པས་ལྷག་པ་ཕུན་ཚོགས་ནི་དཀོན་མཆོག་གིས་ང་ལ་གནང་བའི་ཕྲུ་གུ་རེད”ཅེས་བགྲེས་སོང་ཀུན་དགས་རྟག་ཏུ་སེམས་འགུལ་ཚད་མེད་ཐེབས་བཞིན་ཤོད་ཀྱི་ཡོད།
ལྷག་པ་ཕུན་ཚོགས་ཀྱིས་རང་ཉིད་ཀྱི་མི་ཚེ་ཐུང་ཐུང་འདིའི་ནང་མི་དམངས་ཉེན་རྟོག་པ་ཞིག་གིས་ཏང་དང་སྤྱི་བདེའི་བྱ་གཞག་ལ་བཞག་པའི་དམ་བཅའ་ལག་ལེན་བསྟར་ཞིང་། དེ་ནི་ཁོང་གི་ཨ་མ་ཟླ་བ་སྒྲོལ་མས“ངའི་བུ་ཉེན་རྟོག་པ་ཞིག་ཡིན། བུ་ནི་ངའི་སྤོབས་པ་ཡིན”ཞེས་བཤད་པ་ལྟར་རེད།
ལྷག་པ་ཕུན་ཚོགས་ཀྱིས་སྔ་བར་ཕྱི་གསུམ་དུ“ཕྱོགས་གཅིག་གི་དུས་བདེ་སྲུང་སྐྱོང”བྱེད་པའི་འགན་འཁྲི་ཕྲག་ཏུ་ཁུར་ཏེ་དཀའ་སྤྱད་འབད་བརྩོན་གྱིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱིར་བཏང་གི་ལས་གནས་ཐོག་མཚར་སྡུག་རྣམ་པར་བཀྲ་བའི་མི་ཚེའི་ལེའུ་བརྩམས་ཡོད།