
འདི་ནི་ལྷོ་ཁའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནང་གི“གསར་བརྗེའི་སྔོན་གཤེགས་དཔའ་བོ་ནམ་ཡང་མི་ནུབ་པར་གྱུར་ཅིག”ཅེས་པའི་དྲན་གསོའི་རྡོ་རིང་ཡིན་པ།
ལྷ་ས་ནས་ཐོན་ཏེ་རྩེད་ལྷ་རིམ་མཐོའི་གཞུང་ལམ་བརྒྱུད་སྤྱི་ལེ་200ཙམ་བསྐྱོད་རྗེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་དུ་འབྱོར། ལྷོ་ཁ་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དེ་རྩེད་ཐང་གྲོང་རྡལ་ཨན་ཧུའེ་ལམ་ཆེན་གྱི་སྒོ་རྟགས་11པར་གནས་ཡོད།
ལྷོ་ཁའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནི་1956ལོར་བསྐྲུན་པ་དང་1965ལོར་ཨན་ཧུའེ་ལམ་ཆེན་གྱི་སྒོ་རྟགས་11པར་གནས་སྤོས་བྱས། བོད་ཀྱི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་གཞི་ཁྱོན་ཆེ་ཤོས་དང་དཔྱད་གཞིའི་ཡིག་རིགས་ཆ་ཚང་ཤོས་ཀྱི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྐྲུན་དངོས་ཤིག་ཡིན་པའི་ལྷོ་ཁའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་ས་བཟུང་རྒྱ་ཁྱོན་ལ་སྨི་ངོས་གྲུ་55000ཟིན་པ་དེར་སྔོན་གཤེགས་དཔའ་བོའི་བྱས་རྗེས་མཇལ་ཁུལ་དང་། མཛེས་ལྗོངས་ལྟ་སྐོར་ཁུལ། དྲན་གསོའི་རྡོ་རིང་ཐང་ཆེན། བང་སོའི་ཁུལ་བཅས་ཆ་ཤས་བཞི་ལས་གྲུབ་ཡོད།
བང་སོའི་སྐྱེད་ཚལ་གྱི་རྒྱལ་སྒོའི་ཐོག་ཨུ་ཡོན་ཀྲང་ཀྲུའུ་ཏེས་ཕྱག་བྲིས་གནང་བའི“སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ”ཞེས་པའི་ཡིག་འབྲུ་ཆེན་པོ་དེ་དག་ཉི་འོད་འོག་བཀྲག་མདངས་ལྷག་པར་འཚེར། ལྷོ་ཁའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྐྱོད་སྐབས་བང་སོའི་ཁུལ་གྱི་གྱང་ལྡེབས་སུ་བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གྱི་འགན་བཞེས་མྱོང་བའི་ཀྲང་གོ་ཧྭ་ཡིས་ཕྱག་བྲིས་གནང་བའི“བརྗིད་ཉམས་ཡུན་གནས”ཞེས་པ་དེ་གསལ་པོར་བཀོད་ཡོད།
བང་སོའི་སྐྱེད་ཚལ་དུ་མུ་མཐུད་བསྐྱོད་ཚེ་བོད་བཟོའི་ཕོ་བྲང་གི་ཉམས་འགྱུར་ལྡན་པའི་ལྷོ་བྱང་གི་དྲན་གསོ་ཁང་གཉིས་དང་བཤམས་སྟོན་ཁང་བཞི་མིག་ལམ་དུ་འཆར།
དྲན་གསོ་ཁང་གི་རྒྱལ་སྒོ་དམར་པོའི་སྟེང་དུ་ཏེང་ཞའོ་ཕིང་གིས་ཕྱག་བྲིས་གནང་བའི“སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང”ཞེས་པའི་འཕྲེད་འགེལ་སྒོ་བྱང་ཡིན་པ་དང་། དྲན་གསོ་ཁང་ནང་ལམ་བསྐྲུན་བོད་སྐྱོད་དང་། དམངས་གཙོའི་བཅོས་སྒྱུར། བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་སོགས་ཀྱི་དུས་སྐབས་སུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་དང་ཤུལ་བཞག་དངོས་རྫས་བཤམས་ཡོད།
ལྷོ་ཁའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ནས་ཐོན་རྗེས་སེམས་པ་ཡུན་རིང་རྣལ་ལ་ཕབ་ཐབས་བྲལ། དེ་གར་བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། བོད་ཀྱི་འཛུགས་སྐྲུན་བཅས་ཀྱི་ཁྲོད་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་690པུར་འཇུག་བྱས་ཡོད། 1989ལོའི་ཟླ་8པར། ལྷོ་ཁའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡོངས་ཀྱི་གཙོ་གནད་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྐྲུན་དངོས་སྲུང་སྐྱོང་ཚན་པར”ཆོག་མཆན་སྤྲད་པ་རེད། 1994ལོའི་ཟླ་12པར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས“ལྗོངས་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར”མིང་བཏགས་པ། 1997ལོའི་ཟླ་6པར། ཀྲུང་དབྱང་དྲིལ་བསྒྲགས་པུས“རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་བརྒྱ”ཡི་གྲས་སུ་བཅུག་པ། 2005ལོའི་ཟླ་2པར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། དམངས་སྲིད་པུའུ་སོགས་ཚན་པ་བཅུ་གཅིག་གིས“རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བརྒྱ”ཡི་གྲས་སུ་གཏན་འཁེལ་བྱས་པ། 2010ལོའི་ཟླ་4པར། ཀྲུང་དབྱང་སྒྲིག་ཨུད་ཀྱིས“རྒྱལ་ཡོངས་ཀྱི་སྲིད་གཙང་སློབ་གསོའི་རྟེན་གཞི་ཁག་དང་པོར”ཆོག་མཆན་སྤྲད་པ། 2016ལོའི་ཟླ་12པར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིར”གཏན་འཁེལ་བྱས་པ། 2019ལོའི་ཟླ་7པར། ཀྲུང་དབྱང་དམག་ཨུད་དང་རྒྱལ་ཁབ་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ་ཡིས“རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་གྱི་དཔེ་བཟང་ཚན་པར”བདམས་པ་རེད།