དབུ་ཤོག>གསར་འགྱུར།
  • སྟོབས་ཤུགས་གཅིག་སྒྲིལ་གྱིས་ལས་འགོ་ཡང་བསྐྱར་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-04-25

    ས་མཐོར་དྲོད་རླུང་ལྡང་ཞིང་སྐྱེ་དངོས་ཐམས་ཅད་ལ་མྱུ་གུ་འབུས་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱི་གོང་འོག་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་དང་། དམིགས་ཚད་གཏན་འཁེལ་གྱིས་ལྷོད་གཡེང་མི་གཏོང་བ། སྙིང་རུས་ལྷོད་མེད་ཀྱིས་སྐུལ་འདེད་ལ་དམ་འཛིན་བཅས་བྱས་ཏེ་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། སྤྱོད་ཚུལ་དེ་བས་ཏན་ཏིག་བཅས་ཀྱི་སྒོ་ནས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    ཟླ་3ཚེས་19ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་གྱི་2021ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཀྱི་མཛད་སྒོ་འཚོགས་ཤིང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་སྒོར་སྒོར་གྱིས་ཤིས་ཚིག་བསྒྲོན་པ་དང་སྦྲགས་ལས་འགོ་འཛུགས་པའི་ཁྱབ་བསྒྲགས་ཀྱང་བྱས་པ་རེད།

    ཟླ་3ཚེས་25ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་2021ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཀྱི་མཛད་སྒོ་འཚོགས་པ་དང་ཁྱོན་མ་འཇོག་སྒོར་དུང་ཕྱུར་255.26ཟིན་པའི་གཙོ་གནད་རྣམ་གྲངས་107གཅིག་སྡུད་ཐོག་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱས་ཏེ་བློ་སྟོབས་ཆེར་སྐྱེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་མཐོ་རླབས་གསར་པ་འཕྱུར་བར་བྱས་པ་རེད།

    ཟླ་3ཚེས་30ཉིན་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་2021ལོའི་གཙོ་གནད་རྣམ་གྲངས་ལ་གཅིག་སྡུད་ཐོག་མིང་རྟགས་འགོད་པ་དང་། ལས་འགོ་འཛུགས་པ། ཐོན་སྐྱེད་བྱེད་འགོ་ཚུགས་པ་བཅས་ཀྱི་བྱེད་སྒོ་སྤེལ་བ་དང་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་46.8བཏང་ཡོད་པ་རེད།

    རྟ་ཕོ་ལྕག་གིས་སྐུལ་ནས་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ།

    2021ལོའི་ལྷ་ས་གྲོང་ཁྱེར་གྱི་སྲིད་གཞུང་ལས་དོན་སྙན་སྒྲོན་ནང་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་ས་ཆའི་འཛུགས་སྐྲུན་རྣམ་གྲངས་གཙོ་བོར་དོ་དམ་ཡག་པོ་བྱ་རྒྱུར་གཞོགས་འདེགས་ཏན་ཏིག་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྟེན་འབྲེལ་ཆེ་མོར་ཕྱག་རྟགས་འབུལ་བའི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ལོ་འདིའི་ནང་ལྷ་གཞིས་དང་ནག་ལྷའི་མྱུར་བགྲོད་གཞུང་ལམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་དང་། མཚོ་བོད་ལྕགས་ལམ་གྱི་གློག་རླངས་ཅན་གྱི་སྒྱུར་བཀོད་ལ་གཞོགས་འདེགས་དང་སྐུལ་འདེད་གཏོང་བ་དང་གོང་དཀར་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པ་དང་། G561གི་ལྷ་ས་ནས་ལྷུན་གྲུབ་བར་གྱི་ལམ་དུམ་བསྐྱར་སྐྲུན་ལས་གྲྭ་དང་། ཕུ་མདོ་ཆུ་འདྲེན་སོགས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ལས་འགོ་འཛུགས་པ། S5ཡི་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་ལམ་དང་བར་གུ་ཆུ་མཛོད་སོགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གདོང་དཀར་འགྲུལ་སྐྱེལ་ལྟེ་གནས་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱེད་པ། རང་བྱུང་གྲོང་ཚོར་ཤར་གཏོང་ཐུབ་པའི་ལས་གྲྭ་ལག་བསྟར་བྱས་ནས་གྲོང་གསེབ་ཀྱི་གཞུང་ལམ་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གསར་བརྗེས་བྱ་སྤྱོད་ལག་བསྟར་བྱས་ཏེ་སྟོད་ལུང་གི་གྲོང་ཁྱེར་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མ་དངུལ་སྒོར་དུང་ཕྱུར་1བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་པ། གཙང་རལ་ཟམ་ཆེན་དང་། གྲོང་ནུབ་ཟམ་ཆེན། གཙང་འགྲམ་ལམ། རིག་ནུས་ཆུ་དོན་སོགས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཆུ་སྒོ་ཨང་གསུམ་པ་རྒྱ་སྐྱེད་དང་སྣེའུ་ཟམ་ཆེན་གྱི་ཟམ་སྣེ་ལྷོ་མ་འགག་ཁུལ་སྒྱུར་བཀོད་བྱེད་པ། ལྗོངས་དང་གྲོང་ཁྱེར་རིམ་གཉིས་ཀྱི་འབྲུ་རིགས་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ལྟེ་གནས་བསྐྲུན་འགོ་ཚུགས་པ། “ཕྱིར་སྐྱོད་དཀའ་བ”དང“རླངས་འཁོར་འཇོག་དཀའ་བ”སོགས་ཀྱི་གནད་དོན་ལ་དམིགས་ནས་རྣམ་སྲས་ལམ་སོགས་གྲོང་ཁྱེར་གྱི་འགྲོ་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རླངས་འཁོར་འཇོག་ས་17གང་མགྱོགས་བསྐྲུན་པ་སོགས་བྱ་རྒྱུ་ཡིན་པ་བཏོན་ཡོད།

    ལས་འགོ་གསར་འཛུགས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་དང་ལེགས་སྒྲུབ་ཟིན་ལ་ཉེ་བའི་རྣམ་གྲངས་ལས་ཀྱང་བཀྲག་མདངས་འཚེར་ས་མངོན་བཞིན་ཡོད། ལྷ་སའི་གཙང་འགྲམ་ལམ་གྱི་གསར་སྐྲུན་རྣམ་གྲངས་ནི་ལྷ་སའི་ལམ་དྲའི་ཁྲོད་ཀྱི་ཤར་ནུབ་ཕྱོགས་ལ་ཁྱབ་པའི་རང་བཞིན་གྱི་འགྲོ་ལམ་དང་དེ་བཞིན་ཟམ་པའི་ལས་གྲྭ་གལ་ཆེན་ཞིག་དང་འགྲོ་ལམ་གྱི་ལམ་དྲ་ཆགས་པའི་རྨང་གཞིའི་ལས་གྲྭ་ཞིག་རེད། དེའི་ཁྲོད་གསར་དུ་བསྐྲུན་པའི་ལྷ་སའི་གཙང་འགྲམ་ལམ་2020ལོའི་ལོ་མཇུག་ཏུ་ལས་གྲྭ་གཙོ་བོ་འཛུགས་སྐྲུན་ཟིན་ནས་2021ལོའི་ཟླ་5པའི་ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

    རྣམ་གྲངས་གལ་ཆེན་རེ་རེ་ནི་དཔྱིད་ཀྱི་ས་བོན་དང་འདྲ་བར་ལྷ་སའི་ས་གཞི་ཆེ་མོར་རྩ་བ་ཚུགས་ནས་འབྲས་བུ་སྨིན་ཏེ་སྟོབས་འབྱོར་མངའ་ཐང་རྒྱས་པའི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། རྣམ་གྲངས་གལ་ཆེན་གྱི་ཁྲིད་སྟོན་འོག་ལྷ་ས་འདི་ཉིད་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་བརྟན་ལྷིང་དང་དེ་ཙམ་གྱིས་ལེགས་པ་ཞིག་ཡོང་ངེས་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།