དབུ་ཤོག>གསར་འགྱུར།
  • གྲངས་འཛིན་ཅན་གྱིས་དཔེ་རྙིང་གི་གསོན་ཤུགས་བརྟས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-04-24

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘དཔེ་རྙིང་གི་གསོན་ཉམས་འཕེལ་བར་བྱེད་དགོས’ཞེས་གསུངས་ཡོད། དཔེ་མཛོད་ཁང་གི་ལས་མི་ཞིག་གི་ངོས་ནས། ང་ཚོས་སྒྲུབ་ཐུབ་པ་དང་སྒྲུབ་དགོས་པ་ནི་མི་དེ་བས་མང་བས་དཔེ་རྙིང་གི་བློ་གྲོས་རྟོགས་པར་བྱས་ཏེ་དཔེ་རྙིང་ཚད་ལྡན་ཡིག་ཆའི་རིན་ཐང་ཤེས་སུ་འཇུག་དགོས”ཞེས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ཐོན་ཁུངས་པུའི་འགན་འཁུར་བ་ལྕགས་ཐར་རྒྱལ་གྱིས་བརྗོད།

    2017ལོའི་ལོ་མཇུག་ཏུ། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་སྤྱི་པའི་དཔེ་མཛོད་ཁང་གི་ཀློག་པ་པོར་ཞབས་འདེགས་ཞུ་བ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ཐོག་མའི་བསམ་འདུན་བཅངས་ཏེ། ཉར་ཚགས་བྱས་པའི་དཔེ་རྙིང་ནས་བོད་ཀྱི་སྔོན་བྱུང་མཁས་དབང་གི་རྣམ་ཐར་པོ་ཏི་167ལོགས་སུ་གྲངས་འཛིན་ཅན་བཟོ་བའི་ཁྱབ་ཁོངས་སུ་བདམས་པ་རེད།

    ལོ་གཉིས་ཀྱི་རྗེས་སུ། ཤོག་ལྷེ་47000ལྷག་ཙམ་ཡོད་པའི་དཔེ་རྙིང་པོ་ཏི་167ལ་རེག་མེད་དཔེ་རྙིང་བཤེར་འབེབས་སྒྲིག་ཆས་སྤྱད་དེ་དཔེ་རྙིང་གི་མ་ཡིག་ལ་གང་ཐུབ་ཀྱིས་གནོད་འཚེ་མི་ཕོག་པར་བྱས་པ་དང་འབྲེལ། བོད་ཡིག་དཔེ་རྙིང་གི་གྲངས་འཛིན་ཅན་གྱི་ལས་དོན་ཐོག་མར་ལེགས་གྲུབ་བྱས་པ་རེད།

    “བོད་ཡིག་དཔེ་རྙིང་གྲངས་འཛིན་ཅན་ནི་ནམ་རྒྱུན་གྱི་དཔེ་དེབ་དང་མི་འདྲ་ལ། འཕྲད་པའི་དཀའ་ངལ་དང་འགྲན་སློང་ཡང་སྔོན་དཔག་བྱེད་ཐབས་བྲལ། དཔེར་ན་བོད་ཡིག་དཔེ་རྙིང་ལ་སྣར་ཐང་དང་། ཞོལ། སྡེ་དགེ་སོགས་པར་མ་མི་འདྲ་ལ་ཡིག་གཟུགས་ཀྱང་མི་འདྲ་བས། དེ་དག་མ་གཞིར་བྱས་ནས་བཤེར་འབེབས་བྱེད་སྐབས་བཤེར་འབེབས་སྒྲིག་ཆས་དབྱེ་འབྱེད་ནུས་པའང་གཅིག་པ་ཡོང་དཀའ། དེ་མ་ཟད་མི་ཐབས་ཀྱི་པར་ཞུས་བྱེད་པར་དཀའ་ངལ་ངེས་ཅན་ཡོད་པའི་ཁར་རྩ་ཆེའི་དཔེ་རྙིང་དེ་དག་དཔེ་མཛོད་ཁང་གི་ཕྱི་རོལ་ཏུ་འཁྱེར་ཆོག་གི་མེད། དེར་བརྟེན། ང་ཚོས་དཀའ་ངལ་སྣ་ཚོགས་ཁྱད་བསད་དང་ཆབས་ཅིག་དཔེ་རྙིང་དེ་དག་ལ་སྲུང་སྐྱོང་གང་ཐུབ་བྱ་ཆེད། ལས་འགན་དེ་འཁུར་བའི་གྲངས་འཛིན་ཀུང་སིའི་འབྲེལ་ཡོད་ལས་དོན་པར་ནང་འདྲེན་བཤེར་འབེབས་སྒྲིག་ཆས་ཁྱེར་ནས་དཔེ་མཛོད་ཁང་དུ་བསྐྱོད་དེ། ང་ཚོའི་དཔེ་རྙིང་ལས་དོན་པ་དང་མཉམ་དུ་བོད་ཡིག་དཔེ་རྙིང་གྲངས་འཛིན་ཅན་གྱི་ལས་དོན་སྤེལ་བ་ཡིན”ཞེས་ལྕགས་ཐར་རྒྱལ་གྱིས་བརྗོད།

    “བཤེར་འབེབས་བརྒྱུད་རིམ་ཁྲོད། རྩ་ཆེའི་དཔེ་རྙིང་ལ་གནོད་འཚེ་མི་ཕོག་པའི་ཆེད་དུ་དཔེ་རྙིང་སྲུང་སྐྱོང་པུས་ལས་དོན་མི་སྣ་གསུམ་ཆེད་མངགས་བཀོད་སྒྲིག་བྱས་ཏེ་དཔེ་རྙིང་གི་མཛོད་འདོན་དང་། ཞིབ་བསྡུར། ཐོ་འགོད། རྩིས་སྤྲོད། བཤེར་འབེབས། རྩིས་ལེན། མཛོད་འཇུག པར་རིས་རྣམ་པའི་བརྗེ་སྒྱུར་སོགས་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་དང་ལྟ་སྐུལ་ལས་དོན་གྱི་འགན་འཁུར་དུ་བཅུག་ཡོད”ཅེས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དཔེ་རྙིང་སྲུང་སྐྱོང་པུའི་ཀྲུའུ་རེན་གཞོན་པ་ཚེ་ལོས་བཤད།

    2017ལོར། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས“ཉར་ཚགས་བྱས་པའི་རྩ་ཆེའི་དཔེ་རྙིང་ཚད་ལྡན་ཡིག་ཆའི་གྲངས་འཛིན་ཅན་གྱི་འཛུཌ་སྐྱོང་རྣམ་གྲངས”ཕྱོགས་ཡོངས་ནས་ལག་བསྟར་བྱས་ཚུན། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་2019ལོར་པོ་ཏི་167(ལྡེབ་གྲངས་24126དང་པར་གྲངས་48252)གྱི་ཚད་ལྡན་བོད་ཡིག་དཔེ་རྙིང་ཆ་ཚང་གི་གྲངས་གཞིའི་མཛོད་ལེགས་སྒྲུབ་བྱས་པ་དང་འབྲེལ། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དྲ་ཚིགས་སུ་ཡོངས་བསྒྲགས་བྱས་པ་རེད། 2020ལོའི་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཉར་ཚགས་བྱས་པའི་རྩ་ཆེའི་དཔེ་རྙིང་གྲངས་འཛིན་ཅན་གྱི་ལས་དོན་ཁྲོད། མིག་སྔར་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆའི་པོ་ཏི་235(པར་གྲངས་29500)ཡི་བཤེར་འབེབས་ལས་དོན་ལེགས་སྒྲུབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།