“ལོ་ལྔ་ཚན་བཅུ་གཅིག་པའི”རིང་། སློབ་གསོ་པུས་ནན་ཅིང་དགེ་འོས་སློབ་ཆེན་དང་། སུའུ་ཀྲོའུ་སློབ་ཆེན། རྒྱལ་སའི་དགེ་འོས་སློབ་ཆེན། བྱང་ཤར་དགེ་འོས་སློབ་ཆེན་བཅས་མཐོ་སློབ་བཞིས་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་ཁ་གཏད་རོགས་སྐྱོར་བྱེད་པའི་གཏན་འཁེལ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་སློབ་བཞིས་མི་རྒྱུ་དངོས་གསུམ་སོགས་ཀྱི་ཐད་ནས་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་རོགས་སྐྱོར་ནུས་ལྡན་བྱས་པ་མ་ཟད། ད་དུང་སྔ་རྗེས་སུ་རྐང་འཛིན་དགེ་རྒན་181བོད་དུ་བཏང་ནས་སློབ་གྲྭའི་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭའི“རང་རྟེན”ནུས་པ་ཆེ་རུ་བཏང་བ་རེད། སུའུ་ཀྲོའུ་སློབ་ཆེན་གསོ་རིག་པུས་སྔ་རྗེས་སུ་ཙེ་ཡུས་ཀོན་སོགས་དགེ་རྒན་5ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་མངགས་ནས་ཨང་རྩིས་དང་རང་བྱུང་ཚན་རིག་ཚན་ཁག་གི་སྐྱེ་དངོས་རིག་ཚན་འཛུགས་སྐྱོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་རེད།
སྐྱེ་དངོས་རིག་པ་ནི་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་གསོའི་ཆེད་ལས་ཀྱི་ངེས་སྦྱོང་སློབ་ཚན་ཞིག་རེད། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་འཛུགས་ཕྱི་བའི་རིག་ཚན་གསར་པ་ཞིག་ཡིན་པས། དགེ་རྒན་གྱི་སྟོབས་ཤུགས་དང་། སློབ་ཁྲིད་ཀྱི་ཐོན་ཁུངས། ཚོད་ལྟའི་སྒྲིག་ཆས་དང་རིག་ཚན་འཕེལ་རྒྱས་ལ་མཁོ་བའི་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་སྟེགས་ལྟོས་བཅས་ཀྱིས་ཞན་པོ་ཡོད། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭས་རང་ལྗོངས་ཀྱི་སློབ་ཆུང་དགེ་རྒན་གསོ་སྐྱོང་བྱེད་པའི་དམིགས་ཚད་ལས་འགན་ལ་གཞི་ཚུགས་ཏེ་སུའུ་ཀྲོའུ་སློབ་ཆེན་གྱིས་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བ་དང་། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སྐྱེ་དངོས་རིག་ཚན་གྱི་རྨང་གཞིར་ཞིབ་འཇུག་བརྡར་ཤ་ནུས་ལྡན་བཅད་ནས། ཤེས་ལྡན་མི་སྣ་གསོ་སྐྱོང་གཙོ་གནད་དུ་བཟུང་བ་དང་རིམ་དབྱེ་འཕེལ་རྒྱས་གཏོང་བའི་སྐྱེ་དངོས་རིག་ཚན་འཛུགས་སྐྲུན་འཆར་འགོད་བཟོས་ཏེ། རིག་ཚན་དེས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཆོས་ཉིད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་སྔར་བས་གསར་གཏོད་བྱེད་པར་ཁྲིད་སྟོན་བྱས་པ་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ལྡན་པ་དང་ཉེར་སྤྱོད་རྩལ་ནུས་དང་གསར་གཏོད་སྙིང་སྟོབས་ཀྱི་བྱང་ཚད་མཐོ་བའི་སློབ་ཆུང་གི་དགེ་རྒན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་མ་ཟད། “གཞན་རྟེན”ནས“རང་རྟེན”དུ་གྱུར་པའི་བོད་སྐྱོར་བྱེད་སྟངས་ཤིག་ཆགས་པར་བྱས་ཡོད།
བོད་སྐྱོར་ནི་གདམ་ག་དང་། ལེགས་སྐྱེས། འགན་འཁྲི་བཅས་རེད་ལ། དེ་བས་བརྩེ་སེམས་ཤིག་ཀྱང་རེད། བོད་སྐྱོར་དགེ་རྒན་གྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་གངས་ལྗོངས་ས་མཐོར་བཞག་ནས། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་རིག་ཚན་འཛུགས་སྐྱོང་ལ་རོགས་རམ་བྱས་པ་མ་ཟད། ད་དུང་དགེ་སློབ་དབར་བརྩེ་སེམས་ཟབ་མོ་ཞིག་ཀྱང་བཙུགས་ཡོད།
བོད་སྐྱོར་བྱེད་རིང་། དགེ་རྒན་ཚོས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། སྐྱེ་དངོས་རིག་པའི་སློབ་ཁྲིད་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་བ། སྐྱེ་དངོས་རིག་པ་དཀྱུས་མའི་སློབ་ཁྲིད་རྩ་གནད་བཟོ་བཅོས་བརྒྱབ་པ། གྲོས་བསྡུར་རྣམ་པའི་སློབ་ཁྲིད་བཀོད་སྒྲིག་བྱས་པ། སློབ་མའི་རང་རྟེན་སློབ་སྦྱོང་ནུས་པ་སྐྱེད་སྲིང་བྱས་པ། སློབ་ཁྲིད་བརྒྱུད་རིམ་ཅན་གྱི་གདེང་འཇོག་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། སློབ་ཚན་ཉན་པ་དང་སློབ་ཚན་དཔྱད་བསྡུར་སོགས་ཀྱི་སློབ་ཁྲིད་ལམ་ལུགས་ཚད་ལྡན་དུ་བཏང་བ། སློབ་ཁྲིད་ཀྱི་ཡིག་ཚགས་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་བཅས་སློབ་ཁྲིད་ཀྱི་གདེང་འཇོག་རྣམ་པ་མང་དུ་ཕྱིན་པ་དང་གདེང་འཇོག་བྱེད་སྟངས་ཚན་རིག་དང་མཐུན་ལ་གཞུང་དྲང་དང་ལྡན་པར་བྱུང་ཡོད། བོད་སྐྱོར་དགེ་རྒན་གྱི་རོགས་རམ་འོག་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག དོ་དམ་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་། གཙོ་གནད་རིག་ཚན་འཛུགས་སྐྱོང་ལ་འཕེལ་རྒྱས་ཆེན་པོ་བྱུང་བ། བོད་ཀྱི་རྨང་གཞིའི་སློབ་གསོར་མཁོ་བའི་དགེ་རྒན་དང་དེ་བཞིན་རིགས་གཞན་གྱི་ཤེས་ལྡན་མི་སྣ་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། བོད་ཀྱི་དགེ་འོས་སློབ་གསོའི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།
བོད་སྐྱོར་ལས་དོན་སྤེལ་རིང་། སུའུ་ཀྲོའུ་སློབ་ཆེན་སྐྱེ་དངོས་རིག་པའི་བོད་སྐྱོར་དགེ་རྒན་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། གངས་ལྗོངས་ས་མཐོར་དཀའ་སྤྱད་འབད་འཐབ་ཀྱིས་ལས་དོན་བསྒྲུབས་པས། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སྐྱེ་དངོས་རིག་ཚན་འཛུགས་སྐྱོང་ལ་རམ་འདེགས་ཐུབ་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།