ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་ཕེབས་པ་དང་གསུང་བཤད་གལ་ཆེན་ཡང་གནང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཙོ་གནད་དང་ལས་དོན་གྱི་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་ནས་ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དེའི་ནང་ཁྱབ་པའི་ཕུགས་བསམ་དང་དད་སེམས་དང་། ལས་འགན་སྒྲུབ་སེམས། བསམ་བློ་གཏོང་སྟངས། ལས་ཀའི་བྱེད་ཐབས་བཅས་ཁོང་དུ་གཏིང་ཟབ་ཆུད་པ། སྤྱི་ཁྱབ་ཧྲུའུ་ཅིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་བཀོད་སྒྲིག་གསར་པ་གནང་བ་དང་བླང་བྱ་གསར་པ་བཏོན་གནང་བ་ཁོང་དུ་གཏིང་ཟབ་ཆུད་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བཅས་བྱས་ཏེ་ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ཚན་པ་དེ་གའི་སློབ་སྦྱོང་སློབ་གསོའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན། རང་རེའི་ཏང་དབུ་བརྙེས་པའི་ཉིན་དེ་ནས་བཟུང་ཐོག་མཐའ་བར་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མཐའ་འཁྱོངས་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཐབས་བྱེད་ཀྱི་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནི་རྒྱ་ཆེའི་ཏང་ཡོན་གྱིས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། ལོ་རྒྱུས་ལ་བརྟེན་ནས་བློ་སྒོ་འབྱེད་པ། ལོ་རྒྱུས་རྟོགས་ཤིང་ཏང་ལ་དགའ་ཞེན། ལོ་རྒྱུས་རྟོགས་ཤིང་རྒྱལ་ཁབ་ལ་དགའ་ཞེན་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་ལ་བྱས་རྗེས་རླབས་ཆེན་བཞག་པ་དང་རྩ་བའི་གྲུབ་འབྲས་ཤེས་རྟོགས་བྱེད་པ། དེང་རབས་ཀྲུང་གོའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་ལ་ངོས་འཛིན་གསལ་པོ་བྱེད་པ། ལོ་རྒྱུས་ཀྱི་རང་རྟོགས་ཇེ་ཆེར་གཏོང་བ། དཀའ་སྡུག་དང་འོད་སྟོང་འབར་བའི་སྔར་སོང་དང་། ཉིན་རེ་བཞིན་རྣམ་པར་རྒྱལ་བའི་ད་ལྟ། འོད་ཟེར་སྟོང་ལྡན་གྱི་འབྱུང་འགྱུར་བཅས་སྦྲེལ་མཐུད་བྱས་ཏེ་ཟང་ཟིང་གི་དུས་བབ་ཁྲོད་ཁ་ཕྱོགས་སྟངས་འཛིན་དང་། ཉེན་ཁ་དང་འགྲན་སློང་གི་མདུན་དུ་བློ་སྟོབས་དང་རིག་པར་ཞུན་བརྡར་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཆེད་འབད་འཐབ་བྱེད་པའི་ཡིད་ཆེས་དང་སྒུལ་ཤུགས་འཕེལ་བར་བྱེད་དགོས།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་དད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན། དད་སེམས་དང་ཡིད་ཆེས་ནི་ག་དུས་ཡིན་རུང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ཞིང་། གུང་ཁྲན་རིང་ལུགས་ལ་བཅངས་པའི་དད་སེམས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དད་སེམས་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བླ་སྲོག་ལྟ་བུ་དང་། གུང་ཁྲན་ཏང་མིས་ཉམས་སད་གང་རུང་ཐེག་ཐུབ་པའི་བསམ་པའི་ཀ་རྟེན་ལྟ་བུ་ཡིན།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་ཡོངས་ལ་གསར་བརྗེའི་སྲིད་དབང་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་། ཀྲུང་གོ་གསར་པ་ལས་སླ་པོར་བྱུང་བ་ཞིག་མིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་སླ་པོར་བྱུང་བ་ཞིག་མིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་ལ་ནུས་པ་ལྡན་དོན་ཅི་འདྲ་ཡིན་མིན་དང་། མར་ཁེ་སི་རིང་ལུགས་ལ་འཇོན་ཐང་ཅི་འདྲ་ཡོད་མེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་དོན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས། “གདེང་ཚོད་བཞི”ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་ངེས་ཤུགས་ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ་ཀྲུང་གོ་བ་ཞིག་ཡིན་པའི་སྙིང་སྟོབས་དང་གདེང་ཚོད་ཆེ་རུ་གཏོང་དགོས།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་གི་རང་ངོས་གསར་བརྗེ་དང་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་མི་ཉམས་པར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་ཤོས་ཀྱི་གཤིས་རྒྱུད་ཡིན་ལ་རང་རེའི་ཏང་གི་ལེགས་ཆ་ཆེ་ཤོས་ཀྱང་ཡིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་རྒྱ་ཆེའི་ཏང་ཡོན་རྣམས་ལ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་པའི་འགག་རྩའི་དུས་སུ་མུ་མཐུད་གསར་བརྗེའི་སྙིང་སྟོབས་མཐའ་གཅིག་ཏུ་དར་སྤེལ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནམ་ཡང་ཚར་དུས་མེད་པ་མཐའ་འཁྱོངས་བྱེད་པ། རྒྱུགས་ལེན་པའི་རིག་པ་དྭངས་གསལ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེ་བཅས་ལ་བརྟེན་ནས་རླབས་ཆེན་གྱི་སྤྱི་ཚོགས་འཕོ་འགྱུར་གསར་པར་སྣེ་ཁྲིད་བྱེད་དགོས།
ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་དང་ཏང་གི་བཀའ་དྲིན་མཚོ་ལྟར་ཟབ། ལོ་ངོ་70ཡི་རིང་ཏང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་ལོ་རྒྱུས་ཀྱི་ངོ་མཚར་བཏོད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། བོད་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ། སྐུ་ངོ་མས་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་གཏན་འཁེལ་དང་བཀོད་སྒྲིག་ཇུས་འགོད་གནང་བ་བཅས་བྱས་ཏེ་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བོད་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་། ཕྱོགས་སྡོམ་ཡག་པོ། རྒྱུན་འཛིན་ཡག་པོ། དར་སྤེལ་ཡག་པོ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་གསར་པ་མེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཀྱང་དེ་བས་མེད་པའི་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་ས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་ཤིང་ཡིན་པར་གོ་བ་གཏིང་ཟབ་ལེན་པ། བོད་ལ་ད་ཆའི་དུས་བབ་བཟང་པོ་བྱུང་བའི་འགག་རྩ་ནི་ཏང་ལ་ཐུག་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་ལ་ཐུག་པ། འགག་རྩ་ནི་སྲོག་ཤིང་ལ་ཐུག་པ་བཅས་ཡིན་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དེ་བས་རང་རྟོགས་ངང“སྲུང་སྐྱོང་གཉིས”ཐུབ་རྒྱུར་ཁྲིད་སྟོན་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་སྲོག་ཤིང་ལ་ཡིད་ཆེས་དང་། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་བྱེད་དགོས།
ལོ་རྒྱུས་སློབ་སྦྱོང་བྱེད་པ་ནི་སྔར་ལས་ལྷག་པའི་སྒོ་ནས་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་ཆེད་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཡག་པོ་སྤེལ་བ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་དང་ལེན་གཏིང་ཟབ་བྱེད་པ། ལག་ལེན་གྱི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཏང་གི་ལོ་རྒྱུས་ནན་ཏན་ངང་སློབ་སྦྱོང་ཡག་པོ་བྱེད་པ། ཏང་གི་ལོ་རྒྱུས་ཡག་པོ་སྤྱོད་པ། ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་དགོས།