དབུ་ཤོག
  • ཁ་ལོ་བ་ཚོ། ལྷ་ས་གྲོང་ཁུལ་གྱི་ལམ་འདི་དག་ཨར་སྐྲུན་བྱེད་བཞིན་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-03-17

    ཟླ་3ཚེས་16ཉིན། གསར་འགོད་པར་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁུལ་གྱི་ཚེས་གསུམ་ཐང་ལམ་དང་། ཆུ་མིག་ལམ། བོད་ལྗོངས་སློབ་ཆེན་ལམ། རྡོ་སེང་གེ་ལམ་གྱི་ལྷོ་རྒྱུད། གསང་ཡིབ་ལམ(ཚེས་གསུམ་ཐང་ལམ་ནས་བྱང་སྐོར་ལམ་བར) ཉང་བྲན་ལམ(བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་ནས་བྱང་སྐོར་ལམ་བར)བཅས་ཚང་མར་ཨར་སྐྲུན་བྱེད་བཞིན་འདུག རྡོ་སེང་གེ་ལམ་གྱི་ལྷོ་རྒྱུད་དུ་ལམ་ཚང་མ་བཀག་ནས་ཨར་སྐྲུན་བྱེད་བཞིན་ཡོད་པ་དང་། དེ་མིན་གྱི་ལམ་གཞན་དག་ཏུ་གཞོགས་གཅིག་བཀག་ནས་ཨར་སྐྲུན་བྱེད་བཞིན་འདུག གྲོང་མི་རྣམས་ཕྱིར་སྐྱོད་པར་སྟབས་བདེ་ཡོང་ཆེད་ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བ་ཚོས་ཡག་ཤོས་བྱུང་ན་ལམ་འདི་དག་གཡོལ་ནས་སྐྱོད་དགོས།  

    ས་གནས། རྡོ་སེང་གེ་ལམ་རྒྱུད། (པེ་ཅིང་དཀྱིལ་ལམ་ནས་ཅང་སུའུ་ལམ་བར)

    ཨར་སྐྲུན་བྱེད་སྟངས། ལམ་ཆ་ཚང་བཀག་རྒྱུ།

    ཨར་སྐྲུན་གྱི་འཕེལ་རིམ། མིག་སྔར་ཨར་སྐྲུན་མི་སྣས་ལམ་ངོས་བཟོ་བཞིན་ཡོད་པ་དང་། ལམ་དུམ་དེར་སྣུམ་ནག་ལམ་འདིང་རྒྱུ་རེད། ཨར་སྐྲུན་ལས་ཡུན་གཞིར་བཟུང་། སྔོན་དཔག་ལྟར་ན་ཟླ་གསུམ་པའི་ཟླ་སྨད་དུ་ལམ་དུམ་དེའི་ཨར་སྐྲུན་མཇུག་འགྲིལ་ནས་རྒྱུན་གཏན་ལྟར་འགྲོ་སྐྱོད་སླར་གསོ་ཐུབ་རེ་ཡོད། རྒྱ་ཆེའི་གྲོང་མི་ཚོར་དྲན་སྐུལ་ཞུ་རྒྱུར། ལམ་དུམ་ཚང་མ་བཀག་རྒྱུ་རེད་འདུག་པས་ཚང་མས་བསྐོར་ནས་ཕེབས་རོགས།

    ས་གནས། ཆུ་མིག་ལམ།

    ཨར་སྐྲུན་བྱེད་སྟངས། ལམ་གཞོགས་གཅིག་བཀག་རྒྱུ།

    ཨར་སྐྲུན་གྱི་འཕེལ་རིམ། ལམ་གུ་དོག་པ་དང་གཞོགས་གཅིག་བཀག་པའི་དབང་གིས་འདིར་བརྒྱུད་མཁན་ཁ་ལོ་བས་རླངས་འཁོར་དལ་ཙམ་གཏོང་དགོས། ལས་ཡུལ་གྱི་ཨར་སྐྲུན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཨར་སྐྲུན་གྱི་ལས་ཡུན་ཉིན་40ཡིན་པ་དང་སྔོན་དཔག་བྱས་ན་ཟླ་བཞི་པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་རེད་འདུག དེར་བརྟེན་ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བས་རླངས་འཁོར་དལ་ཙམ་གཏོང་བའམ་འཚང་ཁ་ལས་གཡོལ་རོགས།

    ས་གནས། ཚེས་གསུམ་ཐང་ལམ་རྒྱུད། (ཆུ་མིག་ལམ་ནས་སེ་ར་ལམ་བར)

    ཨར་སྐྲུན་བྱེད་སྟངས། ལམ་གཞོགས་གཅིག་བཀག་རྒྱུ།

    ཨར་སྐྲུན་གྱི་འཕེལ་རིམ། མིག་སྔར་ལམ་དུམ་གྱི་ལྷོ་རྒྱུད་བཀག་ནས་ལམ་ངོས་བསྔོགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་ཀྱི་ལས་ཡུན་ཟླ་བ་གཅིག་ཡིན་པ་དང་། སྔོན་དཔག་ལྟར་ན་ཟླ་བཞི་པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་རེད་འདུག ཚེས་གསུམ་ཐང་ལམ་དང་འབྲེལ་བའི་ཆུ་མིག་ལམ་དང་། ཉང་བྲན་ལམ། སེ་ར་ལམ་སོགས་ཀྱི་ལམ་བཞི་མདོ་ཁར་འགྲིམ་འགྲུལ་བཀོད་འདོམས་བྱེད་མཁན་གྱི་ཨར་སྐྲུན་མི་སྣ་བཀོད་སྒྲིག་བྱས་འདུག་ལ་རླངས་འཁོར་ཡང་རྒྱུན་གཏན་བཞིན་སྐྱོད་ཆོག

    ས་གནས། ཉང་བྲན་ལམ(བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་ནས་བྱང་སྐོར་ལམ་བར)

    ཨར་སྐྲུན་བྱེད་སྟངས། ལམ་གཞོགས་གཅིག་བཀག་རྒྱུ།

    ཨར་སྐྲུན་གྱི་འཕེལ་རིམ། ཉེ་ཆར་ཨར་སྐྲུན་ལས་འགོ་བཙུགས་ཙམ་ཡིན་པ་དང་སྔོན་དཔག་ལྟར་ན་ཟླ་བཞི་པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་རེད་འདུག ལམ་འདི་བརྒྱུད་ནས་བསྐྱོད་མཁན་ཁ་ལོ་བས་རླངས་འཁོར་དལ་ཙམ་གཏོང་བའམ་ཡང་ན་ལམ་གཞན་བརྒྱུད་ནས་ཕེབས་རོགས།

    ས་གནས། བོད་ལྗོངས་སློབ་ཆེན་ལམ།

    ཨར་སྐྲུན་བྱེད་སྟངས། ལམ་གཞོགས་གཅིག་བཀག་རྒྱུ།

    ཨར་སྐྲུན་གྱི་འཕེལ་རིམ། ཨར་སྐྲུན་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་ལམ་གྱི་ཆར་ཆུ་དང་བཙོག་ཆུ་ཁག་འགྲོའི་རྣམ་གྲངས་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ་3.4ཙམ་ཟིན་པ་དང་། སྔོན་དཔག་ལྟར་ན་ཟླ་བཞི་པའི་ཟླ་མཇུག་ཏུ་ལམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་དང་། སྐབས་དེ་དུས་བོད་ལྗོངས་སློབ་ཆེན་ལམ་གྱི་ལམ་ཧྲིལ་པོར་སྣུམ་ནག་ལམ་འདིང་རྒྱུ་རེད་འདུག མིག་སྔར་ལམ་དུམ་དེ་བརྒྱུད་མཁན་རླངས་འཁོར་མང་ཙམ་ཡོད་པ་དང་། ལྷག་པར་དུ་ལས་ཀར་འགྲོ་བ་དང་ལས་ཀ་གྲོལ་བའི་མཚམས་སུ་ལམ་དེར་རླངས་འཁོར་མང་བར་བརྟེན། རླངས་འཁོར་མགྱོགས་པོ་འགྲོ་ཐུབ་ཀྱི་མེད།

    ས་གནས། གསང་ཡིབ་ལམ།(ཚེས་གསུམ་ཐང་ལམ་ནས་བྱང་སྐོར་ལམ་བར)

    ཨར་སྐྲུན་བྱེད་སྟངས། མི་འགྲུལ་ལམ་དུ་ལྕགས་དྲ་སྐོར་བ།

    ཨར་སྐྲུན་གྱི་འཕེལ་རིམ། ཤེས་རྟོགས་བྱུང་བར་གཞིགས་ན། ལམ་དེ་ནི་མི་འགྲུལ་ལམ་སྒྱུར་བཀོད་ཀྱི་ལས་གྲྭ་ཡིན་ཞིང་། ཨར་སྐྲུན་ཕྱོགས་ཀྱིས་མི་འགྲུལ་ལམ་དུ་ལྕགས་དྲ་བསྐོར་ནས་ཨར་སྐྲུན་བྱེད་བཞིན་ཡོད་ཀྱང་རླངས་འཁོར་རྒྱུན་གཏན་ལྟར་འགྲོ་སྐྱོད་ཆོག་གི་འདུག ལམ་དུམ་དེའི་རྒྱུད་དུ་ཁུལ་ཆུང་མང་ལ་གཞུང་ལམ་གུ་དོག་པར་བརྟེན། རླངས་འཁོར་འགྲོ་སྐྱོད་ལ་བཀག་འགོག་མི་ཡོང་བའི་ཆེད་དུ་རྒྱ་ཆེའི་ཁ་ལོ་བས་རླངས་འཁོར་གང་བྱུང་དུ་འཇོག་རྒྱུ་མེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།