ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་འགྲིམ་འགྲུལ་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཉུང་དུ་གཏོང་བ། ལས་འཛོལ་སྔོན་འགོག་དང་གཏན་འགོག་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས་སྔོན་ལ་སྣེའུ་ཁུལ་གསར་གྱི་འགྲོ་ལམ་འགྲིམ་འགྲུལ་དོ་དམ་ལས་དོན་གྱི་ལས་ཡུལ་དངོས་ལ་བརྟག་ཞིབ་བྱས་པ་དང་། དེ་ནས་རྒྱ་ཆེའི་ཁ་ལོ་བ་དང་མང་ཚོགས་ཚོའི་བསམ་འཆར་བསྡུ་ལེན་བྱས་རྗེས། སྣེའུ་ཁུལ་གསར་དུ་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་པར་ལེན་གྱི་གློག་རྡུལ་ལྡིར་སོ་སྤྲོས་ཆས་72བསྒར་རྒྱུའི་ཐག་བཅད་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར། གསར་དུ་བསྒར་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་པར་ལེན་གྱི་ལྡིར་སོ་སྤྲོས་ཆས་72དེ་ཟླ་3ཚེས་15ཉིན་ནས་ཟླ་3ཚེས་31ཉིན་བར་ཚོད་ལྟ་དང་བཅས་སྤྱོད་རྒྱུ་དང་། ཟླ་4ཚེས་1ཉིན་ནས་བཟུང་དངོས་སུ་སྤྱོད་རྒྱུ་རེད། གལ་སྲིད་པར་ཐེབས་ཚེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ་རེད།
འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་མང་ཚོགས་ཚོར་དྲན་སྐུལ་ཞུ་རྒྱུར། ཚང་མས་རང་རྟོགས་ངང་འགྲོ་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་ཡ་རབས་ངང་ཕྱིར་སྐྱོད་དགོས།