དབུ་ཤོག>གསར་འགྱུར།
  • ཉམས་ཞན་དང་ཞན་ཆ་སེལ་ནས་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བྱེད་དགོས་པའི་བརྡ་ཐོ་བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-16

     ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བར། ཚེས་9ཉིན། ལྗོངས་ཚོང་དོན་ཐིང་གིས་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་ཐིང་སོགས་སྡེ་ཚན་12དང་མཉམ་དུ་འཛད་སྤྱོད་ཆེ་གྲས་དང་གཙོ་གནད་འཛད་སྤྱོད་དོན་འཁྱོལ་དང་གསོན་ཤུགས་འཕེལ་བར་བྱས་ནས་གྲོང་གསེབ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་དང་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ་བཏང་ནས་དངོས་སུ་བཀྲམ་པ་རེད།

    བརྡ་ཐོའི་ནང་། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རླངས་འཁོར་གྱི་འཛད་སྤྱོད་བརྟན་པོ་དང་རྒྱ་ཆེར་གཏོང་བ་དང་། ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། བཟའ་བཏུང་འཛད་སྤྱོད་བྱེད་མང་དུ་གཏོང་བ། ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཀྱི་ཉམས་ཞན་དང་ཞན་ཆ་སེལ་བ། སྲིད་ཇུས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཕྱོགས་བཅུའི་ཐད་ནས་ཞིབ་ཕྲའི་བྱེད་ཐབས་བཏོན་པའི་དམིགས་ཡུལ་ནི་སྲོལ་རྒྱུན་གྱི་འཛད་སྤྱོད་རིམ་སྤོར་དང་།འཛད་སྤྱོད་བྱེད་རྣམ་གསར་པ་སྐྱེད་སྲིང་བྱེད་པ། གྲོང་གསེབ་ཀྱི་འཛད་སྤྱོད་རྒྱ་ཆེར་གཏོང་བ། འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་ཆེད་དུ་རེད།

    རླངས་འཁོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་པའི་ཐད། རེས་སྐོར་གསར་པའི་རླངས་འཁོར་གཤམ་སྐྱོད་དང་རྙིང་ཚབ་གསར་བརྗེ་བྱས་ཏེ་ཆ་རྐྱེན་ལྡན་པའི་གྲོང་ཁྱེར་དང་ས་ཁུལ་གྱིས་ཞིང་འབྲོག་ཁུལ་གྱི་གྲོང་མིར་ཏུན་3.5དང་དེ་མན་གྱི་ཟོག་འདྲེན་རླངས་འཁོར་དང་། ཧྲེང་1.6དང་དེ་མན་གྱི་འབུད་ཚད་ཀྱི་རླངས་འཁོར་ཉོ་བར་སྐུལ་ལྕག་བྱེད་པ་དང་། གྲོང་མིས་རླངས་འཁོར་གྱི་འབུད་ཚད་ཚད་གཞི་རྒྱལ་ཁབ་ཀྱི་རིམ་པ་གསུམ་པ་དང་དེ་མན་གྱི་འབུད་ཚད་ཚད་གཞིའི་རླངས་འཁོར་གཏོང་མཚམས་འཇོག་པ་དང་རླངས་འཁོར་གསར་པ་ཉོས་རིགས་ལ་ཁ་གསབ་ཀྱི་རྒྱབ་སྐྱོར་བྱེད་དགོས། རླངས་འཁོར་ཐོན་སྐྱེད་ཁེ་ལས་དང་། སྟོབས་ཤུགས་ཆེ་ལ་མཚན་སྙན་ལེགས་པའི་བརྒྱུད་ཚོང་ཚོང་པ་དང་དྲ་ཐོག་ཚོང་དོན་ལས་སྟེགས་ཀྱིས་ལས་སྒོའི་ཐབས་ལམ་གཤམ་སྒྱུར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་རླངས་འཁོར་ཕྱིར་ཚོང་དང་བཙོངས་རྗེས་ཀྱི་ཞབས་ཞུའི་དྲ་རྒྱ་བསྐྲུན་མགྱོགས་སུ་བཏང་སྟེ་གྲོང་གསེབ་ཀྱི་རླངས་འཁོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་རྒྱུར་ཁྲིད་སྟོན་བྱེད་དགོས།

    ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཀྱི་ཉམས་ཞན་དང་ཞན་ཆ་སེལ་བའི་ཐད། གཅིག་སྡུད་ཉོ་སྒྲུབ་དང་ས་ཁོངས་སྒྲོལ་བའི་སྡེབ་སྐྱེལ་ནུས་པ་ལྡན་པའི་གྲང་ཕྲེང་ཟོག་འགྲེམས་བསྡུ་འགྲེམས་ལྟེ་གནས་དང་རྫོང་ཁོངས་ཀྱི་ཚད་ལྡན་ཅན་གྱི་མཛོད་ཉར་གྲང་ཕྲེང་སྒྲིག་བཀོད་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་དེང་རབས་ཚོང་དོན་འཁོར་རྒྱུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་དྲ་ཐོག་ཚོང་དོན་གྲོང་གསེབ་ཀྱི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་སུ་ཁྱབ་གདལ་གཏོང་བ་དང་མཁོ་ཚོང་ཁང་གི་དྲ་ཚིགས་འཛུགས་སྐྲུན་བྱེད་པར་བརྟེན་ནས་ཐག་རིང་ལུང་ཁུག་གྲོང་གསེབ་ཀྱི་ཤིང་འབྲས་དང་སྔོ་ཚལ་སྡེབ་སྐྱེལ་འདུ་འགོད་ལག་བསྟར་བྱས་ནས་ཐག་རིང་ལུང་ཁུག་གྲོང་གསེབ་ཀྱི་ཤིང་འབྲས་དང་སྔོ་ཚལ་འཁོར་རྒྱུག་གི“མཐའ་མའི་འགག་གནད”སེལ་ཐུབ་པ་བྱེད་དགོས།

    དེ་དང་ཆབས་ཅིག“ལག་ཁྱེར་ལོགས་དབྱེའི”སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་བརྒྱུད། ཆོག་འཐུས་ཀྱི་ཚད་གཞི་དམའ་རུ་བཏང་བ་དང་དྲ་རྒྱའི་ལས་སྟེགས་ལ་བརྟེན་ནས་ཞིང་འབྲོག་ཁུལ་གྱི་དྲ་ཐོག་ཚོང་དོན་གཉེར་སྐྱོང་བྱེད་སྒོའི་གཉེར་སྐྱོང་པས་དྲ་རྒྱའི་གཉེར་སྐྱོང་བྱ་ཡུལ་ལ་བརྟེན་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ཐོ་འགོད་བྱེད་ཆོག “ཆེས་ནན་ཤོས་ཀྱི་བླང་བྱ་བཞི”གཞིར་བཟུང་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཁྲོམ་རའི་དབང་ཆར་བཙན་གནོད་དང་རྫུན་ལྷད་ཞན་གསུམ་གྱི་གནད་དོན་ཐོན་མང་བ་དང་ཡང་སེ་ཐོན་པའི་ཁྱབ་ཁོངས་ལ་དམིགས་ནས་སྡེ་ཚན་སྒྲོལ་བའི་མཉམ་འབྲེལ་ཆེད་དོན་བྱ་སྤྱོད་སྤེལ་ནས་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་འབྲོག་ཁུལ་གྱི་དབང་ཆ་བཙན་གནོད་དང་རྫུན་ལྷད་ཞན་གསུམ་དང་། རིན་གོང་ཁ་བསླུས། ཁྲིམས་འགལ་བརྡ་ཁྱབ། དྲིལ་བསྒྲགས་རྫུས་མ་སོགས་ཀྱི་ཁྲིམས་འགལ་གྱི་བྱེད་སྤྱོད་གཙོ་གནད་ཐོག་བཅོས་སྒྲིག་བྱེད་པ་དང་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་ནུས་ཤུགས་ཡོད་རྒུས་གཏོད་པ་དང་ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།