དེང་སྐབས་གྲོང་མི་མི་ཉུང་བ་ཞིག་གིས་ཕྱིར་སྐྱོད་སྐབས་མཉམ་སྤྱོད་གློག་སྒུལ་སྦག་སྦག་སྤྱོད་རྒྱུར་དགའ་པོ་བྱེད་ཀྱི་ཡོད། དེས་ང་ཚོར་སྟབས་བདེ་བསྐྲུན་རུང་། སྒྲིག་འགལ་ངང་གཏོང་བ་དང་གང་བྱུང་དུ་འཇོག་པ་ལས་གྲོང་ཁྱེར་གྱི་རྣམ་པ་ཟང་ཟིང་བཟོ་ཡི་ཡོད།
གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པ་སོགས་ཀྱི་སྣང་ཚུལ་ལས་འགྲིམ་འགྲུལ་སྒྲིག་ལམ་གྱི་བདེ་འཇགས་ལ་མངོན་མེད་རྐྱེན་ངན་ཐོན་པ་མ་ཟད། ད་དུང་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་ངན་པ་བཟོ་ཡི་ཡོད་པས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས་མཉམ་སྤྱོད་གློག་སྒུལ་སྦག་སྦག་གང་སར་འཇོག་པའི་སྣང་ཚུལ་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་འགོ་བཙུགས་ཡོད།
ཟླ་3ཚེས་9ཉིན། ལྷ་ས་གྲོང་ཁུལ་གྱི་གློག་སྒུལ་སྦག་སྦག་གཅིག་སྡུད་འཇོག་ས་ཁག་ནས་དོ་དམ་བྱེད་མཁན་གྱིས་གློག་སྒུལ་སྦག་སྦག་གྲལ་འགྲིག་པོརབཞག་མོད། འོན་ཀྱང་གློག་སྒུལ་སྦག་སྦག་སྤྱོད་མཁན་ཁག་གཅིག་གིས་སྔར་བཞིན་གློག་སྒུལ་སྦག་སྦག་གང་སར་འཇོག་པའི་སྣང་ཚུལ་ད་དུང་ཡང་མཐོང་རྒྱུ་འདུག
མཉམ་སྤྱོད་གློག་སྒུལ་སྦག་སྦག་གིས་རླངས་འཁོར་འཇོག་ས་བཟུང་བ་དང་གང་སར་འཇོག་པའི་འགྲིམ་འགྲུལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་དམིགས་ནས། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས་མཉམ་སྤྱོད་གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པའི་བྱེད་སྤྱོད་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱི་སློབ་སྟོན་པ་ཀྲོའུ་ཀྲུའུ་ཡིས“གློག་སྒུལ་སྦག་སྦག་དང་རྐང་འཁོར་འཇོག་པའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་ཆེད། ཁེ་ལས་ལ་ལས་མིར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གློག་སྒུལ་སྦག་སྦག་འཇོག་ས་ཚང་མར་དོ་དམ་བྱེད་མཁན་བཀོད་སྒྲིག་བྱས་ནས་གློག་སྒུལ་སྦག་སྦག་སྤྱོད་མཁན་ལ་སྦག་སྦག་གྲལ་འགྲིག་པོའི་ངང་འཇོག་རྒྱུའི་ཁྲིད་སྟོན་བྱེད་དགོས་པའི་རེ་བ་བཏོན་ཡོད། མཉམ་སྤྱོད་གློག་སྒུལ་སྦག་སྦག་གང་བྱུང་དུ་འཇོག་པའི་སྣང་ཚུལ་ཐོན་ཕྱིན། སྦག་སྦག་དོ་དམ་བྱེད་མཁན་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཏུ་སློབ་སྦྱོང་བྱེད་པར་འབོད་ཀྱི་ཡོད”ཅེས་གསར་འགོད་པར་བཤད་བྱུང་།
གྲོང་མིས་མཉམ་སྤྱོད་གློག་སྒུལ་སྦག་སྦག་སྤྱོད་སྐབས་ཐོན་པའི་ཚུལ་མིན་གྱི་འགྲིམ་འགྲུལ་བྱེད་སྤྱོད་ལ་དམིགས་ནས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་མུ་མཐུད་དྲིལ་བསྒྲགས་དང་སློབ་གསོ་བརྒྱབ་སྟེ་མཉམ་སྤྱོད་གློག་སྒུལ་སྦག་སྦག་སྤྱོད་མཁན་ཚོས་རང་འགུལ་ངང་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་དང་། སྦག་སྦག་ཡག་པོ་འཇོག་པ། བདེ་འཇགས་ཕྱིར་སྐྱོད་བཅས་བྱ་རྒྱུའི་བླང་བྱ་བཏོན་ཡོད།