དབུ་ཤོག>གསར་འགྱུར།
  • སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་། མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-03-15

    དཔྱིད་འགོའི་དུས་སུ་ཉི་འོད་དྲོ། རི་ལྡེབས་ནས་བྲག་ཡིབ་ཆུས་རྒྱ་རྭ་ཁ་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་རྒྱང་ལྟ་བྱེད་སྐབས། དྲོད་ཁང་ཆེ་མོ་དེ་དག་ཡར་ཀླུང་གཙང་འགྲམ་དུ་གྲལ་སྟར་འགྲིག་པོས་གནས་ཡོད།

    དྲོད་ཁང་ཆེ་མོའི་ནང་འཛུལ་མ་ཐག་ཚ་རླངས་ཀྱིས་ཁེངས་ཏེ་གསར་འགོད་པའི་མིག་ཤེལ་ལའང་ཟིལ་པ་ཁྲུམ་མེར་ཆགས། དར་མ་ཞིག་གིས་ཁྲོམ་རར་འདོན་གྲབས་ཡོད་པའི་སོ་ལོ་སྔོན་པོ་ཞིག་བཏུས་ནས་ཡུལ་མི་འགར་སྔོ་ཚལ་འདེབས་སྟངས་སློབ་བཞིན་པ་མཐོང་བྱུང་།

    དར་མ་དེའི་མིང་ལ་ཁྲེང་ཆན་ཟེར་བ་དང་ཧུའུ་པེ་ཐུའུ་ཅ་རིགས་ཡིན་ཞིང་། བོད་ལ་སྔོ་ཚལ་བཏབ་ནས་ལོ་20ལྷག་ཙམ་ཕྱིན་ཡོད།

    “རྟེན་གཞི་དེས་རྒྱ་རྭ་ཁ་གྲོང་ཚོའི་ས་ཞིང་མུའུ་280བོགས་མར་བླངས་ཏེ་དྲོད་ཁང་ཆེ་མོ་95བརྒྱབ་པའི་ནང་ཞིས་ཧུའུ་ལུའུ་དང་། པད་ཚལ་། ཧོང་ཀྭ སོ་ལོ་སྔོན་པོ། ཀྲོ་མ་ཀྲུ་སོགས་སྔོ་ཚལ་རིགས་20ལྷག་ཙམ་བཏབ་པར་ལོའི་ཐོན་འབབ་རྒྱ་མ་ཁྲི་335དང་ལོར་ཐོན་སྐྱེད་རིན་ཐང་སྒོར་ཁྲི་900ཟིན་པ་དང་གཙོ་བོ་ཉིང་ཁྲི་དང་། ལྷ་ས། གཞིས་རྩེ་སོགས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད”ཅེས་ཁྲེང་ཆན་གྱིས་བཤད།

    ཁྲེང་ཆན་ནི་1971ལོར་སྐྱེས་པ་དང་། ཧུའུ་པེའི་འབྲིང་རིམ་ཆེད་ལས་སློབ་གྲྭ་ཞིག་ནས་ཐོན་རྗེས་སྔོན་ལ་ས་གནས་དེ་གར་ལས་ཀ་བྱས་ནས་བསྡད་པ་དང་། རྗེས་སུ་ལས་གནས་ནས་བྲལ་ཏེ་ས་གནས་གང་སར་ལས་གཏོད་བྱེད་པར་བསྐྱོད། 2000ལོར་ཁོང་གཅིག་པུ་བོད་ལ་ཡོང་ནས་གཞིས་རྩེ་དང་ཉིང་ཁྲི་སོགས་ས་ཆར་སྔ་རྗེས་སུ་སྔོ་ཚལ་བཏབ་ནས། ས་གནས་དེ་གའི་སྐད་གྲགས་ཆོད་པའི་ཚན་རྩལ་ཆེད་མངགས་པ་ཞིག་ཏུ་གྱུར་ཡོད།2014ལོར་ཁོང་ལ་གོ་སྐབས་ཤིག་རག་ཅིང་། ཉིང་ཁྲི་གྲོང་ཁྱེར་གྱིས་མུའུ་ཁྲི་ཟིན་པའི་དྲོད་ཁང་ཆེ་མོ་འཛུགས་སྐྲུན་གྱི་ལས་གྲྭ་ལག་ལེན་བསྟར་རིང་། སྔོ་ཚལ་འདེབས་འཛུགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། ས་གནས་དེ་གའི་གནམ་གཤིས་ལ་རྒྱུས་མངའ་ཆེ་བ། མི་རིགས་ཁག་གི་མང་ཚོགས་དང་ཡུག་ཅིག་ཏུ་འབྲེལ་ཐུབ་པའི་ཁྲེང་ཆན་གྱིས་སྣེ་ཁྲིད་དེ་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་དང་ཀུང་སི་ཞིག་བཙུགས་ཏེ། སྔོ་ཚལ་རྟེན་གཞི་6སྔ་རྗེས་སུ་བསྐྲུན་ནས་སྔོ་ཚལ་གྱི་ཐོན་འབབ་མང་དུ་བཏང་སྟེ། ཚལ་གོང་བརྟན་པོ་ཡོང་བ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་གཏོང་བ་བཅས་ཀྱི་ཕྱོགས་བསྡུས་ཕན་ནུས་འདོན་སྤེལ་བྱས་ཡོད།

    ང་ཚོའི་གྲོང་ཚོར་དུད་ཚང་51དང་མི་གྲངས་254ཡོད། དེའི་ཁྲོད་ཀྱི་ཡུལ་མི་40ཡིས་ས་ཞིང་བརྒྱུད་བཤུག་གི་འགྲོ་གྲོན་ལེན་པ་དང་། ད་དུང་ཞིང་དལ་སྐབས་འདིར་གླ་པ་རྒྱུག་པར་ཡོང་ནས་ཡོང་འབབ་གསོག་ཐུབ་པ་མ་ཟད། ལག་རྩལ་ཡང་སྦྱོང་ཐུབ་ཡོད་ཅེས་རྒྱ་རྭ་ཁ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོར་རྡོར་གྱིས་བཤད་པ་དང་། ཁོང་གིས་གྲོང་ཚོར་ལོ་ལྟར་ས་ཞིང་བརྒྱུད་བཤུག་གི་འགྲོ་གྲོན་སྒོར་ཁྲི་35ལས་བརྒལ་བ་དང་གླ་པ་རྒྱུག་པའི་ཡོང་འབབ་སྒོར་ཁྲི་30ལྷག་ཟིན་གྱི་ཡོད། ན་ནིང་གི་ལོ་མཇུག་ཏུ་རྒྱ་རྭ་ཁ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.9ལས་བརྒལ་ཡོད་ཅེས་བཤད།

    དྲོད་ཁང་ཆེ་མོའི་ནང་ནས་དོན་ཡོང་བའི་ཡུལ་མི་བསྟན་རྒྱལ་གྱིས“སྦྱིན་བདག་ཁྲེང་ལགས་ཀྱིས་ས་ཞིང་བརྒྱུད་བཤུག་བྱས་ནས་རྟེན་གཞི་བསྐྲུན་རྒྱུའི་སྐོར་ལ་གྲོས་བསྡུར་བྱེད་པར་ཡོང་སྐབས་ང་ཚོར་སེམས་ཁྲལ་བྱུང་། འོན་ཀྱང་ད་ཆ་ང་ཚོ་ཚང་མར་དེ་ལས་ཕན་པ་ཐོབ་ཡོད་པས་སེམས་གཏིང་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གསར་འགོད་པར་བཤད།

    བསྟན་རྒྱལ་གྱིས་ངའི་ཁྱིམ་གྱིས་ས་ཞིང་མུའུ་6བརྒྱུད་བཤུག་བྱས་པ་ཡིན། སྔོན་མ་ནས་དང་། གྲོ མ་རྨོས་ལོ་ཏོག་བཅས་འདེབས་ཀྱི་ཡོད་པས་ས་ཞིང་མུའུ་རེའི་ཡོང་འབབ་སྒོར་ལྔ་བརྒྱ་དྲུག་བརྒྱ་ཙམ་ལས་མེད། “ད་ཆ་ས་ཞིང་མུའུ་རེའི་བོགས་དངུལ་སྒོར་1350ཟིན་པའི་ཁར། ཟླ་བ་གཉིས་ཙམ་གླ་པ་རྒྱུག་པར་ཡོང་འབབ་སྒོར་7000ལྷག་ཙམ་ཡོད”ཅེས་བཤད།

    ཚལ་འདེབས་ཞོར་དུ་ཁྲེང་ཆན་ལ་འཇིག་རྟེན་མཐུན་འཇུག་གི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། 2016ལོར་ཁོང་དང་ཆབ་མདོ་ནས་ཡིན་པའི་བློ་བཟང་སྒྲོལ་མ་གཉིས་བརྩེ་དུང་གི་མདུད་པ་ཐེབས་ནས་འཚོ་བ་མཉམ་དུ་སྐྱེལ་འགོ་ཚུགས། དུས་དེ་ནས་བཟུང་ཁོང་གཉིས་དབར་ཕན་ཚུན་རོགས་རམ་དང་བསམ་ཤེས་བྱེད་རེས་བྱས་ཏེ་འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན་ཞིང་། ཁོང་གཉིས་ཀྱིས་ཉིང་ཁྲི་གྲོང་ཁྱེར་དུ་ཁང་པ་ཞིག་ཉོས་པ་དང་བུ་རྒན་པ་བློ་བཟང་རྒྱ་མཚོ་དམའ་རིམ་སློབ་འབྲིང་ལོ་རིམ་དང་པོ་དང་། བུ་ཆུང་བ་བློ་བཟང་ཚེ་རིང་སློབ་ཆུང་ལོ་རིམ་དང་པོ་འགྲིམ་བཞིན་ཡོད་པ་དང་ཁྱིམ་ཚང་གི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2016ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱི་དུད་ཚང་6958ཁྲོད་ཡིག་ཚགས་གཱ་བཟོས་པའི་མང་ཚོགས་དབུལ་པོ་23893ཚང་མ་སྔ་རྗེས་སུ་དབུལ་སྒྲོལ་བྱུང་ཡོད། ནང་ནིང་གི་ལོ་མཇུག་བར་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་ཡུལ་མིའི་ལོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་36676དང་སྒོར་18966སོ་སོར་ཟིན་ཡོད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།