དབུ་ཤོག>གསར་འགྱུར།
  • ནན་ཅིང་མལ་གྲོ་ཁྱིམ་ཚང་གཅིག་ལྟར་བརྩེ། ལག་གདང་སྦྲེལ་ནས་འབད་འབུངས་མདུན་སྐྱོད་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-03-13

    2019ལོའི་ཟླ་6པར་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱི་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པ་མལ་གྲོ་གུང་དཀར་རྫོང་དུ་འབྱོར་ནས་རེས་སྐོར་གསར་པའི་བོད་སྐྱོར་ལས་དོན་སྤེལ་འགོ་བརྩམས། ལས་དོན་རུ་ཁག་གིས་ཁུལ་དེར་བརྩེ་སེམས་བཅངས་ཏེ་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་ཕུལ་ནས་མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། 2020ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་24.31ལེགས་སྒྲུབ་ཟིན་པ་དེ་དུས་མཚུངས་ལས་7%འཕར་བ་དང་། སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་8.9ཟིན་པ་དེ་དུས་མཚུངས་ལས་2.5%འཕར་བ། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་2.24ལེགས་སྒྲུབ་ཟིན་པ་དེ་དུས་མཚུངས་ལས་51%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་14.19ལེགས་སྒྲུབ་ཟིན་པ་དེ་དུས་མཚུངས་ལས་13.2%འཕར་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11377ལེགས་སྒྲུབ་ཟིན་པ་དེ་དུས་མཚུངས་ལས་12.1%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་བསིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་3.61ལེགས་སྒྲུབ་ཟིན་པ་བཅས་རེད།

    ཐོན་ལས་བོད་སྐྱོར་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ནང་སྐྱེས་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ།

    ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ལས་དོན་རུ་ཁག་གིས་འཕྲལ་མར་རིམས་འགོག་དངོས་ཟོག་གྲབས་གསོག་ཚོགས་ཆུང་བཙུགས་ཏེ། ཞལ་འདེབས་རྒྱག་པ་དང་ཚབ་ཉོ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ཁྱོན་རིན་ཐང་སྒོར་ཁྲི་8.58རི་བའི་ཁ་རས་13898དང་དེ་བཞིན་རིམས་འགོག་དངོས་ཟོག་གཞན་གྲབས་གསོག་བྱས་ནས། དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པར་བསྡོམས་སྒོར་ཁྲི་2.1ཟིན་པ་དང་ཆབས་ཅིག ཧུའུ་པེར་སྐྱོད་མཁན་ནན་ཅིང་གི་སྨན་བཅོས་རུ་ཁག་དང་འབྲེལ་བ་བྱས་ཏེ་མལ་གྲོ་གུང་དཀར་རྫོང་གི་འཚམས་འདྲིའི་དངོས་ཟོག་ཝུའུ་ཧན་ལ་སྐྱེལ་རོགས་བྱས་ཡོད། ཁོང་ཚོས་འཕྲལ་མར་བོད་སྐྱོར་རྣམ་གྲངས་ལས་འགོ་བསྐྱར་འཛུགས་དང་སླར་གསོའི་སྒྲིག་འཛུགས་བྱས་པ་དང་སྦྲགས། ལྷ་ས་གྲོང་ཁྱེར་གྱི་ཅང་སུའུ་བོད་སྐྱོར་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་བསྐྱར་འཛུགས་དང་སླར་གསོའི་མཛད་སྒོ་མལ་གྲོ་གུང་དཀར་རྫོང་དུ་གཉེར་བ་རེད། “ཁེ་ལས་ལ་རོགས་སྐྱོར་དང་ཕན་པ་ཐོབ་པར་བྱེད་པའི་དཔྱིད་རླུང་དྲོ་སྐྱིད་བྱ་སྤྱོད”སྒྲིག་འཛུགས་ཡོད་པའི་སྒོ་ནས་སྤེལ་ཏེ་ཕྱོགས་མང་པོས་རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ཁེ་ལས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། རྣམ་གྲངས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་སླར་གསོ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་སྤེལ་བ་རེད།

    དེ་དང་ཆབས་ཅིག མལ་གྲོ་གུང་དཀར་རྫོང་ལ“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཞེས་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་པ་རེད། བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྣམ་གྲངས་ཀྱི་མ་དངུལ་ལྷག་མ་གསེད་བཀྲོལ་བྱས་པ་རེད། 2020ལོར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1.58བཏང་ནས་བོད་སྐྱོར་རྣམ་གྲངས་20ལག་བསྟར་བྱེད་རྩིས་ཡོད་པའི་ཁྲོད་ལོ་འཁོར་གྱི་མ་འཇོག་སྒོར་ཁྲི་8338ཀྱི་མཐུད་སྐྲུན་རྣམ་གྲངས་16དང་གསར་སྐྲུན་རྣམ་གྲངས་4ཡོད་པ་རེད། མིག་སྔའི་བར་རྣམ་གྲངས་14ལས་འགོ་བསྐྱར་འཛུགས་དང་སླར་གསོ་བྱས་ནས“ཤིས་ཆའོ་ལས་གྲྭ”དང་དག་པ་གྲོང་ཚོའི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་མི་སེར་ཚོས་དོ་ཁུར་བྱེད་པའི་དམངས་འཚོའི་དོན་དངོས་ལག་བསྟར་བྱས་པ་རེད།

    དམངས་འཚོའི་བོད་སྐྱོར་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་བཏང་བ།

    ལས་དོན་རུ་ཁག་གིས་སློབ་གྲྭ་ཆེ་མོ་བ་ལས་ཞུགས་ཐུབ་དཀའ་བའི་གནད་དོན་ལ་དམིགས་ཏེ་ལས་ཞུགས་བོད་སྐྱོར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་གིས“སྐལ་བཟང་མེ་ཏོག་གི་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ལས་གཏོད་ཀྱི་དམིགས་བསལ་སྦྱོང་བརྡར་བྱ་ཡུལ”བཙུགས་ཏེ་2020ལོའི་ཟླ་11པར་ལས་ཞུགས་མ་ཐུབ་པའི་སློབ་གྲྭ་ཆེ་མོ་བ་35ནན་ཅིང་དུ་དམིགས་བསལ་སྦྱོང་བརྡར་སྐབས་གཉིས་པར་ཞུགས་པ་རེད། མིག་སྔར། དམིགས་བསལ་སྦྱོང་བརྡར་སྐབས་གཉིས་ཀྱིས་རིམ་རྩིས་བྱས་ན་ལས་ཞུགས་མ་ཐུབ་པའི་སློབ་གྲྭ་ཆེ་མོ་བ་67གསོ་སྦྱོང་བྱས་པ་རེད།

    འདས་ཟིན་པའི་ལོ་གཅིག་ནང་ལས་དོན་རུ་ཁག་གིས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་མུ་མཐུད་དར་སྤེལ་བཏང་སྟེ་བོད་སྡོད་ལས་གནས་ལ་གཞི་བཙུགས་ནས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་བཅད་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་1652ཀྱི་མི་7484དང“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་785ཡི་མི་3996ལ་དུད་ཚང་དུ་བསྐྱོད་དེ་ཡོངས་ཁྱབ་ཞིབ་བཤེར་དང་བཅོས་སྒྲིག་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་བསྐྱོད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱུན་གཏན་ལས་དོན་དང“ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད”ལ་སྤྱི་འདོམས་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་མཉམ་དུ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་རྒྱལ་ཁབ་ཀྱི་ཕྱོགས་གསུམ་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་བྱས་པ་དང་། རིམ་རྩིས་ལྟར་ན། མ་དངུལ་སྒོར་དུང་ཕྱུར་5.5བཏང་ནས་ཐོན་ལས་རྣམ་གྲངས་56ལག་བསྟར་དང་རྣམ་གྲངས་52གཉེར་སྐྱོང་ལེགས་སྒྲུབ་བྱས་པ་རེད། དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་མ་རྩའི་གཏོགས་ཁོངས་གསལ་པོ་དང་། གཉེར་སྐྱོང་དོ་དམ་ནུས་ཆེ། སྤྱོད་ནུས་འདོན་སྤེལ་མངོན་གསལ་དོད་པོ་བཅས་ཡོང་བར་བྱས་ཏེ། དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཚད་ལྡན་གཉེར་སྐྱོང་དོ་དམ་ལ་སྐུལ་འདེད་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་མི་ཐེངས་8569ལ་དངུལ་སྒོར་ཁྲི་882.77བགོས་པ་རེད།

    གྲོང་གསེབ་ཀྱི་དགེ་རྒན་འཕེལ་རྒྱས་ལྟེ་གནས་དང་ས་བབ་མཐོ་ཤོས་ཀྱི་སྤོ་བ་ནང་གྲོང་ཚོའི་བུ་བཅོལ་ཁང་སོགས་ཀྱི་རྣམ་གྲངས་བསྐྲུན་པ་དང་། ནན་ཅིང་དང་མལ་གྲོ་ས་གནས་གཉིས་ཀྱི་སློབ་གྲྭ་7དབར་ཆ་སྒྲིག་བཟོས་པ། “སྐལ་བཟང་མེ་ཏོག་གི་དགེ་རྒན་གྱི་དབུལ་རོགས་ཐེབས་རྩ”བཙུགས་པ་རེད། ལྷ་སའི་རྫོང་དང་ཆུས་ཁག་གི་སྔོན་དུ་སློབ་གསོའི“ཚོགས་སྒྲིག་རྣམ་པ་ཆུང་གྲས”ཀྱི་བོད་སྐྱོར་བྱེད་འགོ་བཙུགས་པ་དང་། རྫོང་སློབ་འབྲིང་དུ“མལ་གྲོའི་ནན་ཅིང་འཛིན་གྲྭ(དམའ་འབྲིང)”བཙུགས་པ། “སྒོ་འགྲམ་དུ་ནང་སའི་བོད་ལྗོངས་འཛིན་གྲྭ”གཉེར་འགོ་བཙུགས་ཡོད། 2020ལོའི་ཟླ་8པར་ཁག་དང་པོའི“མལ་གྲོའི་ནན་ཅིང་འཛིན་གྲྭ”གཉིས་སློབ་འགོ་ཚུགས་ཏེ་དམའ་འབྲིང་ལོ་རིམ་དང་པོ་ནས་གསུམ་པའི་བར་རིམ་རྩིས་བྱས་ན་ནན་ཅིང་གི་དགེ་རྒན་10བོད་དུ་ཡོང་ནས་སློབ་ཁྲིད་བྱས་པ་རེད།

    རིག་སྟོབས་བོད་སྐྱོར་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ“རང་བརྟེན”ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་བ།

    གྲོང་གསེབ་དར་རྒྱས་ལ་དམིགས་ནས་ལས་དོན་རུ་ཁག་གིས་དུས་ཐེངས་དང་པོའི“ནན་ཅིང་དང་མལ་གྲོའི་བརྩེ་དུང་། ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ”ཞེས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་མལ་གྲོ་གུང་དཀར་རྫོང་གི་ཏང་སྲིད་ལས་བྱེད་པའི་བྱང་ཚད་མཐོར་གཏོང་གི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་རྫོང་དེའི་གྲོང་གསེབ་དར་རྒྱས་ལས་དོན་གྱི་ཆེད་དམིགས་ལས་བྱེད་པ་36དུས་ཡུན་ཉིན་12ཀྱི་གསོ་སྦྱོང་ལ་ཞུགས་པ་རེད། ཞིང་འབྲོག་པའི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས་ཞིང་འབྲོག་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཞིང་འབྲོག་པའི་སྲིད་གྲོས་ཀྱི་ཨུ་ཡོན། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་བཅས་ཀྱི་འཐུས་མི་15སྒྲིག་འཛུགས་བྱས་ཏེ། ནན་ཅིང་ཚན་འབྱེད་རྒྱུགས་ལེན་རྟེན་རྫས་བཤམས་མཛོད་ཁང་དང་། ཀྲུང་ཧྲན་བང་སོ། ཙུང་ཐུང་ལས་ཤག ཤོན་ཝུའུ་མཚེའུ། ནན་ཅིང་དམར་གསོད་ཆེ་མོའི་དྲན་གསོ་ཁང་བཅས་དང་དེ་བཞིན་ཀའོ་ཁྲུན་ཆུས་དང་ལིའུ་ཧོ་ཆུས་ཀྱི་གྲོང་གསེབ་དར་རྒྱས་དཔེ་སྟོན་གྲོང་ཚོ་དང་ཡུལ་སྐོར་དཔེ་སྟོན་ས་ཚིགས་སོགས་སུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་དེ་ཁོང་ཚོས་གསར་གཏོད་ཀྱི་གྲགས་ཅན་གྲོང་ཁྱེར་དང་མཛེས་སྡུག་ལྡན་པའི་གནའ་གྲོང་ནན་ཅིང་ཤེས་རྟོགས་དང་། ནན་ཅིང་དང་མལ་གྲོ་ས་གནས་གཉིས་ཀྱི་མི་རིགས་ཀྱི་བརྩེ་དུང་ཤེས་རྟོགས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་ཚོར་བ་བཅས་བྱས་ཏེ་མི་རིགས་ཀྱི་སྤོབས་སེམས་ཟམ་མི་ཆད་པར་འཕེལ་བར་བྱས་པ་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བློ་འདྲི་བ་9གདན་ཞུ་བྱས་པ་དེ་གྲོང་གསེབ་དར་རྒྱས་དང་། ཚོང་འགུགས་མ་འདྲེན། འཆར་འགོད་ཇུས་བཀོད། དཔལ་འབྱོར་འཕེལ་རྒྱས། གཞི་རིམ་བཅོས་སྒྲིག གླིང་ཁུལ་འཕེལ་རྒྱས། རིག་གནས་ཡུལ་སྐོར་ཐོན་ལས། ཞིང་ལས་ཚན་རྩལ་སོགས་ཕྱོགས་ཁག་ལ་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།