བོད་ཀྱི་ཤར་རྒྱུད་དུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་ནི་བོད་རིགས་གཙོ་བོར་བྱས་པའི་རྒྱ་རིགས་དང་། མོན་པ་རིགས། ལྷོ་པ་རིགས། ཧུད་རིགས། ནུའུ་རིགས། ཏུའུ་ལུང་རིགས། འཇང་རིགས་སོགས་མི་རིགས་35ཕན་ཚུན་ཞི་མཐུན་མཉམ་གནས་ཀྱི་མི་རིགས་མང་པོ་འདུས་སྡོད་བྱ་ཡུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ཏེ་དམ་འཛིན་བྱས་ནས་མི་རིགས་ཁག་གི་མང་ཚོགས་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། མི་རིགས་ཁག་གིས་མཛེས་སྡུག་ལྡན་པའི་ས་གཞི་དེའི་ཐོག་ཉིང་ཁྲིའི་ཞི་མཐུན་གྱི་ལེའུ་ཞིག་བརྩམས་ཡོད།
འདི་ནི་ཁྲེན་ཆན(གཡས་ཀྱི་གསུམ་པ)དང་རྒྱ་རྭ་ཁ་གྲོང་ཚོའི་གྲོང་མི་ཚོས་འགྱིག་ཤོག་དྲོད་ཁང་གི་འདེབས་འཛུགས་ལག་རྩལ་སྐོར་གྲོས་བསྡུར་བྱེད་བཞིན་པ།
དཔྱིད་ཐོག་མའི་དུས་ཀྱི་ཉི་འོད་དྲོ། རི་ལྡེབས་ནས་རྒྱ་རྭ་ཁ་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་རྒྱང་ལྟ་བྱེད་སྐབས། དྲོད་ཁང་ཆེ་མོ་རེ་རེ་ནི་ཡར་ཀླུང་གཙང་འགྲམ་དུ་འོད་མདངས་འཚེར་བའི་ནོར་བུ་ཞིག་དང་གཉིས་སུ་མ་མཆིས།
དྲོད་ཁང་ནང་འཛུལ་མ་ཐག་ཚ་རླངས་ཀྱིས་ཁེངས་པ་དང་གསར་འགོད་པའི་མིག་ཤེལ་གྱི་ངོས་ལ་ཡང་ཟིལ་པ་ཆགས། ཕོ་གཞོན་དར་མ་ཞིག་གིས་ཁྲོམ་རར་འཚོང་རྩིས་ཡོད་པའི་སུར་པན་བཏུས་ཏེ་ཡུལ་མི་འགར་སྔོ་ཚལ་འདེབས་འཛུགས་ཀྱི“ཐབས་ཤེས”སློབ་བཞིན་ཡོད་པ་མཐོང་བྱུང་།
“ས་ཞིང་འདེབས་པ་ནི་ཕྲུ་གུ་སྐྱེ་བ་དང་འདྲ་ཞིང་། ཕྲུ་གུ་མང་བ་གཙོ་བོ་མིན་པར་སློབ་གསོའི་སྤུས་ཚད་གཙོ་བོ་ཡིན་པས། ཚལ་འདེབས་རྒྱུ་ཡང་དེ་དང་འདྲ། ཁྱེད་ཚོས་སྔོན་མ་གྲངས་ཚད་གཙོ་བོར་བརྩི་ཡི་ཡོད། ད་ཆ་ལག་རྩལ་ལ་བརྟེན་དགོས། མུའུ་རེའི་ཐོན་འབབ་མང་དུ་གཏོང་དགོས་པ་མ་ཟད། སྤུས་ཚད་དང་། འཚོ་བཅུད། བྲོ་བ་བཅས་ལ་ཡང་འགན་ལེན་བྱས་ཚེ། གཞི་ནས་རིན་གོང་ཡག་པོ་ཞིག་རག་ཐུབ”ཅེས་སྔོ་ཚལ་རྟེན་གཞིའི་ལག་རྩལ་སྤྱི་ཁྱབ་ལྟ་སྐུལ་བ་ཁྲེན་ཆན་གྱིས་དགོད་བྲོ་བའི་དཔེ་ཞིག་དྲངས་ནས་བརྗོད་པར་ཨ་ཅག་ཚོ་ཡང་ཧང་སངས།
ཁྲེན་ཆན་ནི་ཧུའུ་པེ་ནས་ཡིན་པ་དང་། ཐུའུ་ཅ་རིགས་ཡིན། བོད་དུ་སྔོ་ཚལ་འདེབས་འཛུགས་བྱས་ནས་ལོ་20ལྷག་ཙམ་སོང་ཡོད། ཁྲེན་ཆན་གྱིས“རྟེན་གཞིས་རྒྱ་རྭ་ཁ་གྲོང་ཚོའི་ས་ཞིང་མུའུ་280བོགས་མར་བླངས་ནས་དྲོད་ཁང་9བསྐྲུན་ཡོད་པ་དང་། དེའི་ནང་། པད་ཚལ་དང་། ཧོང་ཀྭ སུར་པན། ཀྲོ་མ་ཀྲུ་སོགས་སྔོ་ཚལ་རིགས་20ཙམ་བཏབ་པར་ལོར་ཐོན་འབབ་རྒྱ་མ་ཁྲི་335ཙམ་དང་ལོའི་ཐོན་སྐྱེད་རིན་ཐང་སྒོར་ཁྲི་900ཟིན་པ་དེ་དག་གཙོ་བོ་ཉིང་ཁྲི་དང་། ལྷ་ས། གཞིས་རྩེ་སོགས་ལ་འཚོང་གི་ཡོད”ཅེས་བཤད།
ཁྲེན་ཆན་ནི་1971ལོར་སྐྱེས་པ་དང་། ཧུའུ་པེའི་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭ་ཞིག་ནས་ཐོན་རྗེས། སྔོན་ལ་ས་གནས་དེ་གར་ལས་ཀ་བྱས་པ་དང་། དེ་རྗེས་ལས་གནས་ནས་བྲལ་ཏེ་ས་ཆ་མང་པོར་ལས་གཏོད་བྱེད་པར་བསྐྱོད་ཡོད། 2000ལོར་རང་ཉིད་གཅིག་པུ་བོད་དུ་ཡོང་ནས་གཞིས་རྩེ་དང་ཉིང་ཁྲི་སོགས་ལ་སྔ་རྗེས་སུ་སྔོ་ཚལ་བཏབ་པ་དང་སྦྲགས། ས་གནས་དེ་གར་སྐད་གྲགས་ཆོད་པའི་ཚན་རྩལ་ཆེད་མངགས་པ་ཞིག་ཏུའང་གྱུར་ནས་རྟག་ཏུ་ཕྱིར་ལག་རྩལ་སློབ་པར་བསྐྱོད་དེ་ཞིང་འབྲོག་མང་ཚོགས་ལ་དྲོད་ཁང་ནང་སྔོ་ཚལ་འདེབས་སྟངས་སློབ་ཀྱི་ཡོད།
2014ལོར་གོ་སྐབས་ཤིག་རག་པ་སྟེ། ཉིང་ཁྲི་གྲོང་ཁྱེར་གྱིས་མུའུ་ཁྲིའི་སྔོ་ཚལ་དྲོད་ཁང་ཆེ་མོ་འཛུགས་སྐྲུན་བྱེད་པའི་ལས་གྲྭ་ཞིག་ལག་ལེན་བསྟར་རིང་། སྔོ་ཚལ་འདེབས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། ས་གནས་དེ་གའི་གནམ་གཤིས་ལ་རྒྱུས་མངའ་ཆེ་བ། མི་རིགས་ཁག་གི་མང་ཚོགས་དང་ཡུག་གཅིག་ཏུ་འབྲེལ་ཐུབ་པའི་ཁྲེན་ཆན་གྱིས་སྣེ་ཁྲིད་དེ་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་དང་ཀུང་སི་ཞིག་བཙུགས་པ་དང་། སྔོ་ཚལ་རྟེན་གཞི་6སྔ་རྗེས་སུ་བཙུགས་ནས་སྔོ་ཚལ་གྱི་ཐོན་འབོར་མང་དུ་གཏོང་བ་དང་། སྔོ་ཚལ་གྱི་རིན་གོང་བརྟན་པོ་ཡོང་བར་བྱེད་པ། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་ནུས་པ་ཆེན་པོ་བཏོན་ཡོད།
“ང་ཚོའི་གྲོང་ཚོར་དུད་ཚང་51དང་མི་གྲངས་254ཡོད། དེའི་ནང་དུད་ཚང་40ཡི་ཡུལ་མིས་ས་ཞིང་བརྒྱུད་བཤུག་གི་འགྲོ་གྲོན་བླངས་པ་མ་ཟད། ཞིང་དལ་སྐབས་ད་དུང་འདིར་གླ་པ་རྒྱུག་པར་ཡོང་ནས་ཡོང་འབབ་རག་པ་དང་། ལག་རྩལ་ཡང་ཤེས་ཡོད”ཅེས་རྒྱ་རྭ་ཁ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྡོར་རྡོར་གྱིས་བཤད། ཁོང་གིས་གྲོང་ཚོའི་ལོ་རེའི་ས་ཞིང་བརྒྱུད་བཤུག་གི་ཡོང་འབབ་སྒོར་ཁྲི་35ལས་བརྒལ་བ་དང་། གླ་པ་རྒྱུག་པའི་ཡོང་འབབ་སྒོར་ཁྲི་30ལྷག་ཟིན་གྱི་ཡོད། ན་ནིང་གི་ལོ་མཇུག་ཏུ་རྒྱ་རྭ་ཁ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.9ལས་བརྒལ་ཡོད་ཅེས་བཤད།
འདི་ནི་ཁྲེན་ཆན(གཡས་ཀྱི་བཞི་པ)དང་། རྒྱ་རྭ་ཁ་གྲོང་ཚོའི་གྲོང་མི། དེ་བཞིན་འགྱིག་ཤོག་དྲོད་ཁང་ཆེ་མོའི་འདེབས་འཛུགས་དུད་ཚང་བཅས་འགྱིག་ཤོག་དྲོད་ཁང་གི་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།
དྲོད་ཁང་ཆེ་མོ་ནས་དོན་ཡོང་བའི་ཡུལ་མི་ཐེ་ཅ་ཡིས“སྦྱིན་བདག་ཁྲེན་ལགས་ཀྱིས་ས་ཞིང་བརྒྱུད་བཤུག་བྱས་ནས་རྟེན་གཞི་བསྐྲུན་རྒྱུའི་གྲོས་བྱེད་པར་ཡོང་སྐབས་ང་ཚོར་སེམས་ཁྲལ་བྱུང་། ད་ཆ་ང་ཚོ་ཚང་མར་དེ་ནས་ཕན་པ་ཐོབ་པས། ཚང་མས་སེམས་གཏིང་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད”ཅེས་གསར་འགོད་པར་བཤད།
ཐེ་ཅ་ཡིས་ངའི་ཁྱིམ་གྱིས་ས་ཞིང་མུའུ་6བརྒྱུད་བཤུག་བཏང་ཡོད། སྔོན་མ་དེར་ནས་དང་། གྲོ། མ་རྨོས་ལོ་ཏོག་བཅས་བཏབ་པར་མུའུ་རེ་ནས་ཡོང་འབབ་སྒོར་ལྔ་བརྒྱ་དྲུག་བརྒྱ་ཡོང་གི་ཡོད། ད་ཆ་མུའུ་རེ་ནས་བོགས་དངུལ་སྒོར་1350རག་པ་དང་། ད་དུང་ངས་འདིར་ལས་ཀ་ཟླ་བ་གཉིས་ཙམ་བྱས་པར་ཡོང་འབབ་སྒོར་7000ལྷག་བྱུང”ཞེས་བཤད།
ལོ་7གྱི་རིང་། སྔོ་ཚལ་རྟེན་གཞི་ཁག་ཏུ་བོད་རིགས་མང་ཚོགས་མང་པོ་ཡོང་ནས་གླ་པ་རྒྱུག་ཞོར་དུ་ལག་རྩལ་སྦྱོང་གི་ཡོད། རྟེན་གཞི་འགར་མེའོ་རིགས་དང་། དབྱིས་རིགས། ཏའེ་རིགས་བཅས་ཀྱི་གཅེན་གཅུང་ཡང་ཡོད། མི་རིགས་ཁག་གི་མང་ཚོགས་ཚོས་འདིར་མཉམ་ལས་མཉམ་སྒྲུབ་དང་ཞི་མཐུན་མཉམ་གནས་བྱས་ཏེ་མིང་དོན་མཚུངས་པའི་མི་རིགས་ཁྱིམ་ཚང་ཆེ་མོ་ཞིག་ཏུ་གྱུར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2016ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱི་དུད་ཚང་6958ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དཀའ་ངལ་ཡོད་པའི་མང་ཚོགས་23893དབུལ་སྒྲོལ་བྱུང་ཡོད། ན་ནིང་གི་ལོ་མཇུག་བར། གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ལོའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་36676དང་18966ཁག་སོ་སོར་ཟིན་ཡོད།