དབུ་ཤོག>གསར་འགྱུར།
  • “ཁམ་སྡོང་རོང”དུ་ཁམ་བུའི་མེ་ཏོག་ལ་བརྟེན་ནས་ཡོང་འབབ་གསོག་ཐབས་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-02-21

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉིང་ཁྲིར་ཆ་སྙོམས་ས་བབ་མཐོ་ཚད་སྨི་3100ཡོད་པ་དང་དཔྱིད་འགོ་ཚུགས་རིམ་བཞིན་གང་སར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་དེ་ཨ་སྔོན་སྤྲིན་དཀར་དང་གངས་རི་འཁྱགས་རོམ་དང་ཕན་ཚུན་རྒྱན་དུ་གྱུར་ནས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཆགས། ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམས་པའི་རང་བྱུང་ཐོན་ཁུངས་དེ་ལྟ་བུ་ཡོད་སྟབས། ཉིང་ཁྲི་གྲོང་ཁྱེར་གྱིས་ཁམ་བུའི་མེ་ཏོག་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས། ས་མཐོར་མཛེས་རྒྱན་སྤྲས་པ་མ་ཟད་མི་སེར་ཡང་ཕྱུག་པོར་གྱུར་ཡོད།

    “དོན་དམ་པའི་ཁམ་བུའི་སྐྱེད་མོས་ཚལ་དུ་གྱུར་པ”

    ལོ་52ལ་སླེབས་པའི་སྤེན་པས་བདེ་ལྕག་འཁྱུག་པའི་གོམ་སྟབས་སྤོ་བཞིན། གྲོང་ཚོའི་ཁམ་སྡོང་གླིང་དུ་བསྐྱོད་དེ་མང་ཚོགས་ལ་ཁམ་སྡོང་ལ་ཡལ་བཞུར་རྒྱག་པ་དང་རྣང་མ་ཁོད་སྙོམས་པའི་མཛུབ་ཁྲིད་བྱེད་བཞིན་ཡོད། སྤེན་པ་ནི་བྲག་ཡིབ་ཆུས་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ལ་གྲོང་ཚོའི“ལམ་སྣེ་ཁྲིད་མཁན”ཡང་རེད། “ལོ་20ལྷག་ཙམ་གྱི་གོང་དུ་གྲོང་ཁྱེར་གྱི་གྲོང་མིས་རྟག་ཏུ་གྲོང་ཚོའི་རི་སྐྱེས་ཁམ་སྡོང་ལ་ལྟ་བར་སྐྱོད་སྐབས། ལོ་ཏོག་བརྫིས་པའི་རྐྱེན་གྱིས་རྟག་ཏུ་གྲོང་མི་དང་ཁ་རྩོད་ཤོར་གྱི་ཡོད”ཅེས་སྤེན་པས་ངོ་སྤྲོད་བྱས་པ་དང་དེས་ན་གྲོང་ཚོ་ཨུ་ལྷན་གྱིས་ཐབས་ཤེས་ཤིག་བཏོན་པ་སྟེ། ཁམ་སྡོང་གླིང་དུ་ལམ་བུ་ཉམས་བཟོ་བྱས་པ་དང་འབྲེལ་མང་ཚོགས་སྒྲིག་འཛུགས་ཀྱིས་ཞབས་བྲོ་འཁྲབ་པ་དང་ཐག་པ་འཐེན་པ་སོགས་བྱས་ཏེ་རི་སྐྱེས་ཁམ་སྡོང་གླིང་དུ་སྐྱོད་མཁན་གྱི་ས་ནས་ཞིང་ནང་གཡོག་བྱེད་ཀྱི་འགྲོ་གྲོན་འོས་འཚམ་བསྡུས་པ་རེད།

    2002ལོར་ཉིང་ཁྲི་གྲོང་ཁྱེར་གྱིས“ཁམ་བུའི་མེ་ཏོག་དུས་ཆེན”གྱི་ཁྱད་ལྡན་ཡུལ་སྐོར་ཐོན་ཟོག་གཏོད་འགོ་བཙུགས་པ་དང་། སྤྲིན་པ་གྲོང་ཚོའི་ཁོངས་གཏོགས་ཀྱི་ཀ་ལ་རང་བྱུང་གྲོང་ཚོའི་མུའུ་བརྒྱ་ཡི་ཁམ་སྡོང་གླིང་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་ཡུལ་གྱི་གདམ་ག་དང་པོར་གྱུར།

    “2019ལོར་སྒོ་འཛིན་གྱི་ཡོང་འབབ་ཁོ་ནར་སྒོར་ཁྲི་400ལྷག་ཙམ་བྱུང་བ་དང་རིམ་པ་གཉིས་པའི་འཛད་སྤྱོད་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་བྱུང་ནས། ཚང་མས་ཡུལ་སྐོར་ལས་རིགས་ལས་བྱུང་བའི་ཡོང་འབབ་ཀྱི་བྲོ་བ་མྱངས་ཡོད་པ་དང་ལོ་20ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད། འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་ཟིན་པ་དང་ཡུལ་སྐོར་ཕྱོགས་བསྡུས་སྒྲིག་གཞིའི་རྣམ་གྲངས་བསྐྲུན་ནས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད”ཅེས་སྤེན་པས་བཤད།

    དེ་དང་འདྲ་བར་སྨན་གླིང་རྫོང་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོར་ཡང་འཕེལ་རྒྱས་ཀྱི་གོ་སྐབས་ཕྲད་པ་སྟེ། ཡུལ་དེ་གནམ་ལྕགས་འབར་བར་ཁ་གཏད་པ་དང་གཤམ་དུ་ཉང་ཆུ་གཙང་པོ་རྒྱུག་སྟབས་གཙང་རྒྱུད་ཀྱི་ལེ་དབར་བཅུ་ཡི་ཁམ་སྡོང་གླིང་ཡུལ་སྐོར་བའི་མེ་ཏོག་ལ་ལྟ་ཡུལ་གྱི“ཁམ་སྡོང་སྐྱེད་ཚལ”དུ་གྱུར་ཡོད། ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཟུར་གསུམ་གྲོང་ཚོའི་དུད་ཚང་39ཡིས་ཁྱིམ་ཚང་མགྲོན་ཁང་དང་སྤུས་རྟགས་འགྲུལ་ཁང་25གཉེར་ནས། ཞག་སྡོད་དང་བཟའ་བཏུང་གཙོ་བོར་བྱས་པའི་ཁམ་བུའི་མེ་ཏོག་གི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བཏང་བ་རེད།

    “ད་ཆའི་འཚོ་བ་སྐྱིད་ཤོས་རེད”

    ནོར་བུའི་ཁྱིམ་ནི་དེ་སྔ་ཟུར་གསུམ་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཉུང་ཤས་ཀྱི་གྲས་ཤིག་རེད། 2017ལོར་ནོར་བུས་དངུལ་ཁང་ནས་སྒོར་ཁྲི་50གཡར་བ་དང་གཉེན་ཉེའི་གམ་ནས་སྒོར་ཁྲི་120ལྷག་ཙམ་གཡར་ཏེ་འགྲུལ་ཁང་ཞིག་བརྒྱབ།

    དབེན་འཇམ་གྱི་འགྲུལ་ཁང་དེའི་ལྗོངས་གཟིགས་ཁང་ནས་གངས་རི་དང་ཁམ་སྡོང་གླིང་མཐོང་གི་ཡོད། “ངའི་ཁྱིམ་གྱིས་ཞོར་དུ་བེ་ཤ་དང་དབྱར་རྩྭ་དགུན་འབུ་སོགས་ཁྱད་ལྡན་ཐོན་ཟོག་བཙོངས་པས། ལོ་མཇུག་ཏུ་བུ་ལོན་གཙང་མར་འཇལ་ཐུབ་པ་མ་ཟད། ད་དུང་དབུལ་པོ་ལས་ཕྱིར་འཐེན་བྱ་རྒྱུའི་རེ་ཞུ་རང་འགུལ་ངང་ཕུལ་བ་ཡིན”ཞེས་ནོར་བུས་ངོ་སྤྲོད་བྱས་པ་དང་ཁམ་བུའི་མེ་ཏོག་དུས་ཆེན་བསུ་ཆེད། ད་ཆ་སྒོ་ར་དང་ལམ་འགྲམ་དུ་གྲོ་དང་པད་ཁའང་བཏབ་ཡོད།

    སྤོ་བོ་རྫོང་རྒུ་ཤང་ཀ་གནམ་གྲོང་ཚོའི་ལོ་35ལ་སླེབས་པའི་གྲོང་མི་བདེ་ཆེན་དབང་མོས། མིག་སྔར་གྲོང་ཚོ་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཁྱིམ་ཚང་མགྲོན་ཁང“དབང་མོའི་འགྲུལ་ཁང”གཉེར་སྐྱོང་བྱེད་བཞིན་ཡོད་ཅིང་། ད་ཆ་ཁོང་གིས་ཡུལ་མི་3བསྡུས་པ་དང“ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཁོ་ཚོ་མི་རེར་ཟླ་རེར་གླ་ཆ་སྒོར་4000ཡོད། ངས་ཡུལ་མི་ཚོ་མཉམ་དུ་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་པའི་རེ་བ་ཡོད”ཅེས་ཁོང་གིས་བཤད།

    ལོ་38ལ་སླེབས་པའི་ཀ་ལ་གྲོང་ཚོའི་གྲོང་མི་སངས་རྒྱས་ཚེ་རིང་ན་གཞོན་སྐབས་ལྗིད་འདེགས་རླངས་འཁོར་གཏོང་མྱོང་ཡོད་ལ་འགྲུལ་སྐྱེལ་ཡང་བྱེད་མྱོང་ཡོད། ཀ་ལའི་ཁམ་བུའི་མེ་ཏོག་ལ་ཡུལ་སྐོར་བས་དགའ་པོ་བྱེད་པས་ཁོང་གིས་བསམ་ཕྱོགས་བསྒྱུར་ནས་ཞག་སྡོད་སྣེ་ལེན་དང་ཡུལ་སྐོར་རླངས་འཁོར་གཙང་གླས་ཀྱི་ཚོང་རྒྱག་འགོ་ཚུགས་ཡོད།

    “ང་ཚོའི་འབྱོར་འབྲིང་བཀྲ་ཤིས་བདེ་ལེགས”

    དོན་གྲུབ་ཚེ་དབང་གིས་ངོ་སྤྲོད་བྱས་དོན། འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་བསྐྲུན་རྐྱེན། ཟུར་གསུམ་གྲོང་ཚོར་གཞུང་ལམ་དང་བཙོག་འབུད་མ་ལག་སོགས་འཛུགས་སྐྲུན་བྱས་པ་དང་། མཁྲེགས་ཆས་ཀྱི་སྤུས་ཚད་ཡག་ཏུ་ཕྱིན་པ་དང་དུས་མཚུངས་མང་ཚོགས་ཀྱིས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱས་ཏེ། ལོ་ལྟར་བཟའ་བཏུང་ངམ་ཡང་ན་མགྲོན་ཁང་ཞབས་ཞུའི་གསོ་སྦྱོང་ཐེངས་2རེ་བྱེད་ཀྱི་ཡོད།

    ད་ཕན་ལོ་ཤས་རིང་བོད་ཀྱིས་ཆུ་དང་། གློག ལམ། དྲ་བ་སོགས་རིམ་སྤོར་ལས་གྲྭ་ཁག་བཅུར་དམིགས་ནས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་ཧུར་ཐག་བསལ་བ་དང་ཤང་དང་གྲོང་ཚོ་ཚང་མར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཀ་ལ་གྲོང་ཚོར་བོད་བཟོའི་སྒོ་ར་རེ་རེ་བཞིན་སྣོལ་མར་ཆགས་པ་དང་བུ་བཅོལ་ཁང་དང་། འཕྲོད་བསྟེན་ཁང་། གྲོང་མིའི་བྱེད་སྒོ་ལྟེ་གནས་སོགས་སྤྱི་པའི་སྒྲིག་བཀོད་གང་དགོས་དེ་འཛོམས་ཡོད།

    བུ་ཕྲུག་ཐག་ཉེ་སར་སློབ་ཞུགས་ཐུབ་པ་དང་རྒན་རྒོན་ནད་ལྟ་བར་སྟབས་བདེ་ཡོད་སྟབས་གཞོན་ནུ་དག་ཡུལ་སྐོར་ཞབས་ཞུར་ཞུགས་པའམ་ཡང་ན་ཕྱི་ཕྱོགས་སུ་གླ་པ་རྒྱུག་པར་འགྲོ་བཞིན་ཡོད། ལོ་63ལ་སླེབས་པའི་པ་སངས་རྒྱལ་པོས་ཏང་གི་སྲིད་ཇུས་བཟང་པོས་སྔོན་ཆད་ཁ་ཁུ་སིམ་པའི་ཀ་ལ་གྲོང་ཚོར་གསོན་ཤུགས་དཔག་མེད་རྒྱས་སོང་ཞེས་སེམས་གཏིང་གི་མྱོང་ཚོར་བརྗོད།

    172693_yis_1613836800000_s.jpg

    འདི་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་ཞིང་ནང་མཛེས་ལྗོངས་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།