དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་གྱི“སེམས་སྦྲེལ”ཟམ་པ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2021-02-16

    90352_yis_1613318400000_s.jpg

    འདི་ནི་མི་དམངས་དྲག་ཆས་པུའི་དཔོན་དམག་གིས་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་འཚམས་འདྲི་བྱེད་བཞིན་པ།

    “གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་ལ་ཐུགས་རྗེ་ཆེ་ཞུ། སླད་ཕྱིན་ངས་མི་ཚེའི་ལྟ་བ་ཡང་དག་བཅངས་ནས་དཀའ་ངལ་ཁྱད་བསད་ཀྱིས་ལས་བརྩོན་ཕྱུག་འགྱུར་ཧུར་ཐག་བྱས་ཏེ་ཏང་དང་སྲིད་གཞུང་དང་དེ་བཞིན་བཅིངས་འགྲོལ་དམག་གིས་ང་ཚོར་སེམས་ཁུར་དང་རོགས་རམ་གནང་བ་ཆུད་ཟོས་གཏན་ནས་གཏོང་གི་མིན”བསམ་གྲུབ་རྩེ་ཆུས་མི་དམངས་དྲག་ཆས་པུའི་པུའུ་ཀྲང་ནོར་ཕུན་དང་ཆབ་སྲིད་ཨུ་ཡོན་ཀྲང་ཡོན་ཅུན་གྱིས་གནང་བའི་འདྲུད་འཐེན་འཁོར་ལོ་དང་འབྲུ་འདོན་འཕྲུལ་འཁོར་གྱི་ལྡེ་མིག་ལེན་སྐབས་སྤེན་པ་དང་ཨ་མ་ཆོས་སྒྲོན་གྱིས་ཐུགས་རྗེ་ཆེ་ཡང་ཡང་ཞུས།

    ད་ལོ་ལོ་46ལ་སླེབས་པའི་སྤེན་པ་ནི་བསམ་གྲུབ་རྩེ་ཆུས་ལྷན་ཤང་གྲུ་བཞི་གྲོང་ཚོའི་གྲོང་མི་ཡིན་པ་དང་ཁྱིམ་དུ་ངལ་ནུས་མེད་ལ་ཕྲུ་གུ་ཡང་སློབ་གྲྭར་གཏོང་དགོས་སྟབས་འཚོ་བའི་ཁུར་པོ་ཧ་ཅང་ལྕི་པོ་ཡོད་པས། གྲོང་ཚོས་ཁོ་ཚོ་ནང་ཚང་དུད་ཚང་དབུལ་པོའི་ཁོངས་སུ་བཅུག 2018ལོ་ནས་བཟུང་། བསམ་གྲུབ་རྩེ་ཆུས་མི་དམངས་དྲག་ཆས་པུས་སྤེན་པའི་ཁྱིམ་དང་རོགས་སྐྱོར་ཆ་སྒྲིག་བྱས་རྗེས་དཔོན་དམག་ཚོས་སྤེན་པའི་ཁྱིམ་ལ་ཆུ་འཐེན་འཕྲུལ་ཆས་དང་ཁྱིམ་ཆས་སོགས་ཐོན་སྐྱེད་དང་འཚོ་བའི་མཁོ་ཆས་གཅིག་མཇུག་གཉིས་མཐུད་ངང་ཁ་སྣོན་བྱས་པ་མ་ཟད། ད་དུང་སྤེན་པར་ཕྱུག་འགྱུར་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་རོགས་བྱས་པས་ཁོ་པ་བདེ་བླག་ངང་དབུལ་སྒྲོལ་ཐུབ་པ་རེད། དབུལ་པོ་བསྐྱར་ལོག་མི་ཡོང་བ་བྱ་ཆེད། མི་དམངས་དྲག་ཆས་པུའི་དཔོན་དམག་ཚོས་ད་དུང་དུས་ཚིགས་རེར་སྤེན་པའི་ཁྱིམ་དུ་བསྐྱོད་དེ་འཚམས་འདྲི་བྱེད་ཀྱི་ཡོད། མི་རིང་བའི་གོང་འཚམས་འདྲི་བྱེད་སྐབས་སྤེན་པས་ནས་བརྔ་བསྡུ་དང་དབོར་འདྲེན་ཐད་སེམས་ཁྲལ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་འཕྲལ། མི་དམངས་དྲག་ཆས་པུའི་དཔོན་དམག་གིས་སྤེན་པའི་དགོས་མཁོ་ལྟར་ཁོ་པར་སྒོར་29900རི་བའི་འདྲུད་འཐེན་འཁོར་ལོ་དང་དེ་བཞིན་ལྷུ་ལག་ཚང་བའི་སྒྲིག་བཀོད་ཉོས་པ་དང་འབྲེལ། ཡུལ་དམག་གི་ལག་རྩལ་རྐང་འཛིན་པ་བཀོད་སྒྲིག་བྱས་ནས་སྤེན་པར་བེད་སྤྱོད་བྱེད་སྟངས་མཛུབ་ཁྲིད་བྱས།

    2020ལོའི་ཟླ་12ཚེས་1ཉིན་གྱི་སྔ་དྲོར། བསམ་གྲུབ་རྩེ་ཆུས་མི་དམངས་དྲག་ཆས་པུའི་དཔོན་དམག་གིས་སྤེན་པར་འདྲུད་འཐེན་འཕྲུལ་འཁོར་དང་འབྲུ་འདོན་འཕྲུལ་འཁོར་གསར་རྐྱང་ཞིག་སྐྱེལ་བར་ཡོང་བ་མ་ཟད། ད་དུང་ལོ་ན་བགྲེས་ལ་ལུས་པོ་གཅོང་བའི་ཨ་མ་ཆོས་སྒྲོན་ལ་འཚམས་འདྲིའི་དངོས་པོ་ཡང་ཁྱེར་ཡོད། སྤེན་པས་ཆེདམངགས་བཟོས་པའི“དམག་དམངས་བརྩེ་བ་ཉ་ཆུ་བཞིན། བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ། དབུལ་སྐྱོར་གྱི་བྱ་བ་དངོས་བསྒྲུབས་ཏེ། ཏང་གི་དཀའ་དྲིན་ཚོར་བ་བྱེད”ཅེས་འཁོད་པའི་གོས་དར་བཅིངས་འགྲོལ་དམག་གི་ལག་ཏུ་སྤྲད་ནས་སེམས་གཏིང་གི་གུས་འདུད་དང་ཐུགས་རྗེའི་བསམ་པ་མཚོན་པར་བྱས་པ་རེད།

    2020ལོའི་ཟླ་12ཚེས་3ཉིན། དཔོན་དམག་གི་འཐུས་མི་བསམ་གྲུབ་རྩེ་ཆུས་སློབ་འབྲིང་དང་པོ་དང་གསུམ་པར་བསྟན་འཛིན་རྣམ་རྒྱལ་དང་། ཟླ་བ་མཚམས་གཅོད། ཟླ་བ་བུ་ཁྲིད། ་སངས་འཕྲིན་ལས། ཚེ་དབང་ཕུན་ཚོགས་བཅས་སློབ་མ་5ལ་འཚམས་འདྲི་བྱེད་པར་སྐྱོད་སྐབས། འཛིན་གྲྭའི་ཀྲུའུ་རེན་གྱིས་ན་ནིང་ཨ་ཁུ་བཅིངས་འགྲོལ་དམག་གིས་ཕྲུ་གུ་རེར་སྒོར་2400ཞལ་འདེབས་བརྒྱབ་པའི་འགྲོ་སོང་གི་རྩིས་ཐོ་བཏོན་པ་ཟད། ཕྲུ་གུ་ཚོས་དེ་ནས་སྒོར་བཅུ་བླངས་ནའང་ཨ་ཁུ་བཅིངས་འགྲོལ་དམག་གི་བཀའ་དྲིན་སེམས་ལ་བཅངས་ནས་སློབ་སྦྱོང་ཧུར་ཐག་བྱས་ཏེ་མེས་རྒྱལ་གྱི་དྲིན་ལན་འཇལ་དགོས་ལུགས་བརྗོད་ཀྱི་ཡོད། དགུན་ཆས་དང་སློབ་སྦྱོང་མཁོ་ཆས་ལེན་སྐབས། དམའ་རིམ་སློབ་འབྲིང་གཉིས་པའི་སློབ་མ་པ་སངས་འཕྲིན་ལས་ལ་སེམས་འགུལ་ཐེབས་ནས་མིག་ཆུ་ཤོར། པ་སངས་འཕྲིན་ལས་ནི་ཕ་མ་ཡ་བྲལ་གྱི་ཁྱིམ་ཚང་དུ་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས་སེམས་སྦུག་དོག་པོ་ཡོད། མི་དམངས་དྲག་ཆས་པུའི་དཔོན་དམག་དང་རོགས་སྐྱོར་ཆ་སྒྲིག་བྱས་རྗེས། པ་སངས་འཕྲིན་ལས་བློ་བག་ཡངས་སུ་སོང་ནས་སློབ་སྦྱོང་གི་སྦྱངས་འབྲས་མངོན་གསལ་དོད་པོས་ལེགས་སུ་ཕྱིན།

    དགེ་རྒན་ཚོས་ངོ་སྤྲོད་བྱས་པར་གཞིགས་ན། བསམ་གྲུབ་རྩེ་ཆུས་མི་དམངས་དྲག་ཆས་པུས་ལོ་གཉིས་རིང་ཆ་སྒྲིག་རོགས་སྐྱོར་བྱས་པ་ལས་སློབ་མ་8ཀྱི་སློབ་སྦྱོང་གི་རྣམ་འགྱུར་དང་སྦྱངས་འབྲས་ལེགས་སུ་ཕྱིན་ཡོད། ལྷག་པར་དུ་སློབ་མ་ཟླ་བ་མཚམས་གཅོད་ཀྱི་སློབ་དུས་འདིའི་སྦྱངས་འབྲས་ལོ་རིམ་གྱི་ཨང་རིམ་273པ་ནས་ཨང་རིམ་93པར་འཕར་ཡོད།

    ཉེ་བའི་ལོ་གསུམ་རིང་། བསམ་གྲུབ་རྩེ་ཆུས་མི་དམངས་དྲག་ཆས་པུའི་དཔོན་དམག་གིས་སྔ་རྗེས་སུ་དངུལ་སྒོར་ཁྲི་14.5བཏང་སྟེ་བཅའ་སྡོད་བྱ་ཡུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་དང་དཀའ་ངལ་ཡོད་པའི་སློབ་མར་སློབ་སྐྱོར་བྱེད་པའི་ཐད་སྤྱད་ཡོད། “ང་ཚོས་དམག་དཔུང་དང་ས་གནས་ཀྱི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ནས་འགོ་འཛུཌ་རྒྱུར་སྣང་ཆེན་བྱས་ཏེ་ཐིགས་པ་བསགས་ནས་རྒྱ་མཚོ་ཞེས་པའི་དཔེ་ལྟར་ཆ་སྒྲིག་དབུལ་སྐྱོར་ལ་བརྟེན་ནས་དཀའ་ངལ་སེལ་བ་དང་། དམག་བསྡུ་དྲིལ་བསྒྲགས། རྒྱལ་སྲུང་སློབ་གསོ། སྡེ་ཁུལ་གྱི་ཏང་ཀྲི་པུའུ་སྐྲུན་རོགས། ཡུལ་དམག་སྒྲིག་འཛུགས་བྱས་ནས་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་ནས་དམག་དམངས་མཉམ་འདྲེས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དམག་དམངས་དབར་གྱི་འབྲེལ་བ་སྔར་བས་མཐུན་འདྲེས་ཡོང་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བསམ་གྲུབ་རྩེ་ཆུས་མི་དམངས་དྲག་ཆས་པུའི་ཆབ་སྲིད་ཨུ་ཡོན་ཀྲང་ཡོན་ཅུན་གྱིས་གསར་འགོད་པར་བཤད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།