དབུ་ཤོག>གསར་འགྱུར།
  • “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་2535ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-02-05

    132160_yis_1612454400000_s.jpg

    འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་གནས་སྤོས་གྲོང་མིས་སྔོ་ཚལ་དྲོད་ཁང་ཆེན་པོར་སྔོ་ཚལ་འཐོག་བཞིན་པ།

    གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་ཚོང་འགུགས་མ་འདྲེན་གྱི་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས། ཁྲལ་བསྡུ་དང་། དངུལ་རྩ། ས་ཞིང་སོགས་དང་འབྲེལ་བའི་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་ཁག་52བཏོན་ནས་རྣམ་གྲངས་ཀྱི་དོན་འཁྱོལ་ལ་སྐུལ་འདེད་བཏང་བས་ཕན་འབྲས་ཡག་པོ་ཐོན་ཡོད། ལོ་ལྔའི་རིང་། བོད་ཀྱི་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་2535ཟིན་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་2.4རེད།

    དགུན་གཞུང་གི་གངས་ལྗོངས་ས་མཐོར་སྔོ་ཚལ་དྲོད་ཁང་ཆེན་པོ་དག་རི་གཤམ་དུ་སྟར་པ་བསྒྲིགས་ཡོད། གྲོང་མི་ཁ་ཤས་ནམ་སྐྱ་བཏང་མ་ཐག་དྲོད་ཁང་དུ་སྔོ་ཚལ་འཐུ་འགོ་ཚུགས། “སྒོ་རྩར་ལས་ཞུགས་ཐུབ་སྟེ། ཟླ་རེར་གླ་ཆ་སྒོར་3000ལྷག་ཙམ་ཡོད་པ་མ་ཟད། ད་དུང་ཟླ་རེའི་དཔྱད་བསྡུར་ཐོབ་སྐར་ལྟར་བྱ་དགའ་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཐང་པོ་ཆེ་གྲོང་ཚོའི་ལོ་45ལ་སླེབས་པའི་ཡུལ་མི་འཕྲིན་ལས་ཀྱིས་དེ་ལྟར་བཤད།

    ཤ་གསོས་ཤང་གི་མང་ཚོགས་མང་པོ་ཞིག་ལ་འཕྲིན་ལས་ལྟར་ལས་ཀ་དང་ཡོང་འབབ་བརྟན་པོ་ཡོད། དེ་དག་ཚང་མ་ནི་ཞིང་ཆེན་གཞན་གྱི་ཁེ་ལས་ཀྱིས་མ་དངུལ་དང་ལག་རྩལ་བཏང་བ་ལས་བྱུང་བ་ཞིག་རེད། ཨན་ཧུའེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་ཚོང་འགུགས་མ་འདྲེན་བྱས་པ་བརྒྱུད་ཨན་ཧུའེ་ཧོ་རྫོང་ལུའི་ཡོན་དྲོད་ཁང་ཚན་རྩལ་ཚད་ཡོད་ཀུང་སི་དང་ལྷོ་ཁའི་ཡར་ཀླུང་མ་འཇོག་ཚད་ཡོད་ཀུང་སིས་མཉམ་ལས་གསར་སྤེལ་བྱས་པའི་ཞིང་ལས་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་ལག་རྩལ་གསར་པ་ནང་འདྲེན་དང་ས་མཐོའི་ཤིང་འབྲས་དང་སྔོ་ཚལ་གྱི་སྣ་ཁ་གསར་པ་སྐྱེད་སྲིང་བྱས་ཡོད། རྣམ་གྲངས་དེ་2020ལོའི་ཟླ་5པར་ཐོན་སྐྱེད་བྱས་ནས་གཉེར་སྐྱོང་བྱས་པ་དང་མིག་སྔར་དྲོད་ཁང་ཆེན་པོ་338ཡོད་པར་སྔོ་ཚལ་དང་ཤིང་འབྲས་སྣ་ཁ་86བཏབ་ཡོད།

    “ད་ཆ་རྟེན་གཞིས་མི་བརྒྱ་ལྷག་ཙམ་གྱི་ལས་ཞུགས་ལ་སྣེ་ཁྲིད་པ་དང་མུའུ་རེར་ཆ་སྙོམས་ཐོན་རྫས་རིན་ཐང་སྒོར་ཁྲི་10ཡོད” ཨན་ཧུའེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གི་སྣེ་ཁྲིད་པ་ལྷོ་ཁ་གྲོང་ཁྱེར་གྱི་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝང་ཧྭ་ཏུང་གིས་ལོ་གསུམ་ནང་རྟེན་གཞིས་ལས་ཞུགས་ལས་གནས་200ལྷག་ཙམ་མཁོ་འདོན་བྱས་ནས་ལས་གནས་རེར་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་3ཡན་ཟིན་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    2018ལོར་བོད་ཀྱིས་ལྗོངས་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ཚོགས་ཆེན་ཐེངས་དང་པོ་འཚོགས་ཚུན། བོད་ཀྱི་ས་གནས་ཁག་གིས་བོད་སྐྱོར་ལས་དོན་རུ་ཁག་དང་ལག་གདང་སྦྲེལ་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་དང་མྱུར་ཚད་མགྱོགས་སུ་བཏང་ནས་རྣམ་གྲངས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”དུས་ཐོག་ཏུ་ཐག་གཅོད་བྱས་ཡོད།

    2018ལོའི་ཟླ་9པར་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཞི་པ་འཚོག་རིང་། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་108ལ་མིང་རྟགས་བཀོད་པར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་540བཏང་བ་དང་། 2019ལོའི་ཟླ་8པར་ལྷ་སའི་ཞོ་སྟོན་རིང་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུར་རྣམ་གྲངས་31ལ་དངོས་སུ་མིང་རྟགས་བཀོད་པར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་143བཏང་བ། 2020ལོའི་ཟླ་9པར་བོད་ཀྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ་དང་རྣམ་གྲངས་12ལ་མིང་རྟགས་བཀོད་པར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་46བཏང་བ། 2019ལོའི་ཟླ་7པར་བོད་དུ་སླེབས་ཚུན། ཧྲན་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་40ནང་འདྲེན་བྱས་པ་དང་དངོས་སུ་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་13.8ཟིན་ཡོད།

    ཁེ་ལས་མང་དག་ཅིག་ལ་ཀླུང་ཁྲི་སྟོང་བརྒལ་ནས“འཛམ་གླིང་ཡང་རྩེར”མ་འཇོག་ལས་གཏོད་བྱས་པ་ལས་གནའ་བོའི་ས་མཐོའི་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། ཐོན་ལས་ཀྱི་བཀོད་པ་ལེགས་གཏོང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་རོགས་སོགས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་དང་གསོན་ཤུགས་གསར་པ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།