ལོ་གསར་གྱི་ངལ་གསོའི་བརྡ་ཐོ།
2021ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་ངལ་གསོ་བཀོད་སྒྲིག་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་བརྡ་ཐོ།
ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་ཚན་པ་ཁག་ལ།
《2021ལོའི་དུས་ཆེན་ཁག་གཅིག་གི་ངལ་གསོ་བཀོད་སྒྲིག་བྱེད་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》(རྒྱལ་གཞུང་སྤེལ﹝2020ལོའི﹞ཡིག་ཨང27པ)ཡི་དགོངས་དོན་གཞིར་བཟུང་།ད་ལྟ་2021ལོའི་དཔྱིད་གསར་དུས་ཆེན་དང་བོད་ལྕགས་གླང་ལོའི་ལོ་གསར་ལ་ངལ་གསོ་ཉིན་10འཇོག་རྩིས་ཡོད་པ་སྟེ།2021ལོའི་ཟླ་2ཚེས་11ཉིན་ནས་ཟླ་2ཚེས་20ཉིན་བར་ཡིན་པ་དང་། ཟླ་2ཚེས་7ཉིན(གཟའ་ཉི་མ)དང་ཟླ་2ཚེས་21ཉིན(གཟའ་ཉི་མ)ལས་ཀར་འགྲོ་དགོས།
དུས་ཆེན་རིང་། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། རང་ངོས་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱིར་འགྲོ་སྐབས་ཁ་རས་ཡག་པོ་རྒྱག་པ་དང་ལག་པ་ཡང་ཡང་འཁྲུད་པ། དགོས་པ་ཆེན་པོ་མེད་ཚེ་རིམས་ནད་ཀྱི་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་ཡུལ་སྐོར་དང་གཉེན་འཕྲད་ལ་མི་འགྲོ་བ་དང་། ཡག་ཤོས་བྱུང་ན་ཕྱིར་ཉུང་ཙམ་འགྲོ་དགོས། མི་སྣ་འདུ་འཛོམས་ཆེ་སར་ཉུང་ཙམ་འགྲོ་བ་དང་། བདེ་ཐང་ཨང་རྟགས་གྲ་སྒྲིག་ཡག་པོ་བྱས་ནས། ཞིབ་བཤེར་དང་ཚ་བ་ལྟ་བ་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱེད་དགོས། གྲོང་ཁྱེར་དུ་བཅའ་སྡོད་ཏང་སྲིད་ལས་ཁུངས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། དུས་ཆེན་རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་དང་། ལས་རེས་སྣེ་འཁྲིད་འགོ་ཁྲིད་དང་སྡོད་བྱའི་མི་སྣའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས། རང་དགར་སྡོད་བྱ་བྱེད་ས་ནས་ཁ་མི་བྲལ་བ་དང་ལས་གནས་ནས་མི་བྲལ་བ་དང་ལས་གནས་སྟོང་པར་འཇོག་མི་རུང་། ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ཐོན་ཚེ། གཏན་འབེབས་གཞིར་བཟུང་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད། ཐག་གཅོད་འོས་འཚམ་བྱེད་དགོས། གྲོང་ཁྱེར་ཕྱོགས་བསྡུས་དོ་དམ་དང་འགྲིམ་འགྲུལ་ཁྲིམས་འཛིན་སོགས་སྡེ་ཚན་གྱིས་གྲོང་ཁྱེར་གྱི་ཁོར་ཡུག་དང་། སྤྱི་ཚོགས་བདེ་འཇགས། འགྲིམ་འགྲུལ་བཅས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་གཙང་སྦྲ་དོད་ལ་མཛེས་པ་དང་ཤེས་དཔལ་གོ་རིམ་ལྡན་པའི་གྲོང་ཁྱེར་གྱི་ཁོར་ཡུག་ཅིག་བཏོད་ནས་མི་དམངས་མང་ཚོགས་བཀྲ་ཤིས་འཆམ་མཐུན་གྱི་ལོ་གསར་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས།
དམིགས་སུ་བཀར་ནས་བརྡ་ཐོ་འདི་བཏང་།
ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས།
2021ལོའི་ཟླ་2ཚེས་1ཉིན།