དབུ་ཤོག>གསར་འགྱུར།
  • ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་ལྟར་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-01-28

    ཚེས་25ཉིན་གྱི་ཕྱི་དྲོར་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་2020ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་གཅིག་གྱུར་ཞིབ་རྩིས་བརྒྱབ་པར་གཞིགས་ན། 2020ལོ་ཧྲིལ་པོའི་རང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1902.74ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན། ལོ་གོང་མ་ལས་7.8%འཕར་བ་དེ་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གྲངས་5.5ལས་མཐོ་བ་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེ་དང་དུས་མཚུངས་སུ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་ལྟར་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་གྱི་ཚད་གཞི་ལྟར་འཕར་བ་ནས་འཕར་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།

    གྲངས་གཞི་ལས་མངོན་པར། 2020ལོར་རང་སྐྱོང་ལྗོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21744ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་4.8གསར་དུ་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་ལ་ལས་ཤོར་ཐོ་འགོད་བྱེད་ཚད་4%ཡི་ནང་ཚོད་འཛིན་ཐུབ་པ། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ཁྲི་60.1གཞན་སྒྱུར་བྱས་པ་བཅས་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་རྒྱུན་མཐུད་དང་། བརྟན་པོ། མྱུར་པོ་བཅས་ཀྱི་ངང་འཕར་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2015ལོའི་སྒོར་25457ནས་2020ལོའི་སྒོར་41156བར་འཕར་ནས་ལོ་རེར་ཆ་སྙོམས་འཕར་ཚད་10.1%ཟིན་པ་དང་། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2015ཡི་སྒོར་8244ནས་2020ལོའི་14598བར་འཕར་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་12.1%ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་བསྡུར་ཚད་2015ལོའི་3.09ནས་2020ལོའི་2.82བར་ཆག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་བཅས་རེད།

    རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཟབ་ཏུ་སོང་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དམངས་གཉེར་ཁེ་ལས་མཁས་ཅན་ཧན་ཡུས་ཀྱིས། ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས་རྒྱ་ཆེའི་ཚོང་གཉེར་བར“ལས་གཏོད་ཐད་སེམས་པ་རྩེ་གཅིག་ཏུ་གནས་པ་དང་། མ་འཇོག་ཐད་བློས་འགེལ་ཆོག་པ། ཚོང་གཉེར་ཐད་བློ་བདེ་པོ་ཡོང་བའི”ཁོར་ཡུག་བཟང་པོ་དང་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་གསར་འགོད་པར་བཤད་བྱུང་། ཁོང་གིས“ལོ་གསར་པར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཟང་པོ་སྔར་ལས་ལྷག་པ་ཐོབ་ནས་དམངས་གཉེར་གྱི་དཔལ་འབྱོར་ལ་རེས་སྐོར་གསར་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།