ཚེས་16ཉིན་གྱི་སྔ་དྲོ། ལྷ་སའི་གཙང་འགྲམ་ལམ་གྱི་ཕུག་ལམ་གྱི་སྒྲོམ་གཞི་ཨ་མ་སློང་བའི་ལས་ཀ་ལམ་ལྷོངས་བྱུང་བ་དེ་ཐོག་ནས། གཙང་འགྲམ་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་བཏིངས་པ་མཚོན་གྱི་ཡོད།
གཙང་འགྲམ་ལམ་གྱི་ཕུག་ལམ་ནི་ལྷ་ས་གྲོང་ཁྱེར་གྱི་ཟམ་འོག་ཕུག་ལམ་ཐོག་མ་དེ་ཡིན་ཞིང་། ཕུག་ལམ་འདི་སྐྱིད་ཆུའི་བྱང་ངོགས་སུ་གནས་ཡོད་ལ། སྐྱིད་ཆུའི་ཆུ་རགས་དང་སྦྲེལ་ནས་ཡོད།དེ་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་ནས་ཉི་འོད་གླིང་ཕྲན་ནུབ་ངོགས་ཀྱི་ཁོད་སྙོམས་ས་ཆ་བར་ཡིན་པས།གྲོང་ཁྱེར་ཤར་ནུབ་ཀྱི་འགྲིམ་འགྲུལ་གནོན་ཤུགས་ཞི་ལྷོད་དུ་གཏོང་བའི་ལམ་བུ་གལ་ཆེན་ཞིག་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྨི་1120ཡོད་པ་དང་། གཞོགས་རེར་འཁོར་ལམ་གཉིས་རེ་ཡོད་པ། མྱུར་ཚད་ལ་ཆུ་ཚོད་རེར་སྤྱི་ལེ་30ཡིན་པ་རེད། སྒྲོམ་གཞི་ཨ་མ་བསླངས་རྗེས། དེ་བྱིངས་ཀྱི་ཨར་ལས་རྣམས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རྗེས་མུ་མཐུད་འཛུགས་སྐྲུན་བྱ་རྒྱུ་རེད་འདུག